R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 120
[A:120]མཇལ་གྱི་སྤྲོས་པ། ཕྱོགས་མཐའ་ཉུལ་བའི་སྤྲང་པོར་སོང་བས་མ་སྤོབས། རྩ་བའི་དཔོན་གཡོག་སྙིང་པའི་ཞེན་གྱིས་བདག་མོའི་དྲུང་དུ་མཇལ་ཁ་ཞུས་ཀྱང། ངེད་སྤྲང་པོ་སྙོམས་ཆུང་ལ་སྐྱུག་བྲོ་གཟིགས་ནས་མ་བྱུང་བ་གནང་སྦྱིན་ཅོག་པོའི་སྒོར་སྐྱེལ་དུ་བྱུང་པ་ལ། དཔོན་པོའི་སྡུག་ཞེན་གྱིས་སྙིང་ཁར་བཅར་པ་རེ་བྱས་ནས་བཞག་མཚམས་ཅོག་པོ་བསྒྲིལ། སླེ་བེམ་གྱི་འཕྲག་ལ་བླངས། རྐང་དུང་གསན་ངེས་པ་གསུམ་འགྲེལ་པའི་རྟེན་འབྲེལ་དུ་བཞག་ནས་རྒྱ་ཁྲ་ཧོར་པ་གཟན་ལ་གཞུངས་པ་བཞིན་དུ། དེ་ནུབ་རྒྱུ་གཟེའི་ཆུ་ཚན་ཁར་ཕྱིན་ནས། ནད་འདོན་ཆེད་དུ་ཆབ་ཞུགས་བྱས་ཏེ་ཞག་མལ་ཅིག་བསྡད་དོ༎ དེ་ཚེ་རྒྱལ་བའི་ཆུ་སྟོད་ཅན༎ ཆགས་བྲལ་ཕྱོགས་ཀྱི་རིགས་ལྡན་དུས༎ པ་ཎི་ཏ་ཏར་ས་མ་དྷི༎ ཨ་དརྴ་ལྟར་གསལ་བ་ལ༎ འཇིགས་པའི་སྣང་བ་ཅི་ཡང་མཐོང༎ མ་དང་ཕྲད་པར་འདོད་པའི་བུ༎ སྡུག་བསྔལ་ཉམས་ངར་བཅས་སོ་སྐད༎ དེ་ཡི་དངས་ཤིང་སྔར་ཞུམས་ཚེ༎ ཀ་ཀའི་ཐལ་བ་མགོ་བོར་ལྷུང༎ ཀ་ལང་རཱུ་པའི་རྣམ་པ་ཉིད༎ གྲགས་པ་མིན་པའི་ལས་བཅིལ་བས༎ འཆིང་ལས་གྲོལ་བའི་བརྡ་གསང་ཅེས༎ དབུགས་འབྱིན་ངེས་པ་གཉིས་པའོ༎ དེ་ནས་ཡར་ལམ་མདའ་འཕངས་བཞིན་མྱུར་བར་རང་གི་བསྟི་གནས་བྲག་སྟེངས་རྡོ་རྗེ་བྲག་རྫོང་དུ་ཟླ་བ་བརྒྱད་པའི་ཉེར་གཅིག་ལ་སླེབ། ཅུང་ཟད་ངལ་བསོ་དང་ངོ་ཤེས་འདྲིས་འགྲོགས་ཕན་ཚུན་འཕྲད་པའི་རྣམ་གཡེངས་ལ་ཟླ་མཚམས་རྫོགས་རྗེས། ཚེས་གཅིག་ནས་ཤངས་ཆོས་ཀྱི་དབུ་བཙུགས། ཕྱོགས་མཐའ་ནས་འདུས་པའི་དད་ཅན་ཆོས་དོན་གཉེར་ཤ་སྟག། དབང་ཆ་གཅིག་ལ་ཆོས་ཀྱི་སྒོ་མ་ཚང་བ་མེད་པའི་རྒྱས་པའི་ཁུར་སྤེལ་ཏེ། ཐོག་མར་རྒྱུད་སྡེ་ལྔའི་རྡུལ་ཚོན་གྱི་