R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 127
[A:127]ལ༎ སོམ་པོ་གངས་ཞེས་བྱ་བའི་རི༎ ཙ་ལ་ཀོ་ཊའི་གནས་ས་རུ༎ ལྷག་པར་རྨོངས་པའི་མ་ནུ་ཥ༎ དཔག་མེད་འདུས་པའི་གྲོང་ཁྱེར་དེར༎ ཡིག་དྲུག་ཆོས་ཀྱི་རང་སྒྲ་ཡིས༎ དགེ་བའི་རོལ་མོ་བསྐུལ་བ་ལ༎ བདག་དང་སྐལ་ལྡན་གྲོགས་པོ་འགས༎ གུ་རུའི་ཨ་ཧ་རྗེས་སྒྲུབ་ཕྱིར༎ སྡུག་བསྔལ་དང་ལེན་བཟོད་པའི་ཁུར༎ ཀུ་རུ་ཎི་ཀ་སྙིང་ལ་ཤར༎ དབུགས་འབྱིན་གསུམ་པའི་ངེས་པའོ༎ ས་དེར་ཡུན་རིངས་བསྡད་ན་ནམ་ཟླའི་སྟབས་ཚད་པའི་འཇིགས་པ་ཡོང་ཁས་སླར་ལོག། སོམ་པོ། ཀག། ཁྱེན་མདོ། ཁྱེད་ཁ། རྫར། སྲམ་དཀར། ཚུགས། པུ་ཊ། ཏེ། ཀྱུ་བར། ཙང་ལི། རྫོང་སོགས་ཡུལ་ཐ་དད་ཀྱི་མི་དཔོན་སོ་སོ་ལ་སྟེར་སྦྱིན། ཆོས་བཤད་དུ་མས་ཡིད་དྲངས་ནས་དུང་འགྱུར་འཇུག་མི་དཔག་མེད་བྱུང་མཚམས། སྔར་ཕྱིན་པའི་སྣེ་ཤང་ལ་མན་བསྐུལ་ཁོ་ནའི་ཆེད་དུ་སྣེ་ཤང་ཡུལ་པོ་ཆེར་གྲགས་པ། སྨ་ནང། ཏང་འགྱུ། དང་ར་སླེ། བན་བག། པིས། རྔ། གུས། གྱིས་སོགས་སྣེ་ཤང་ནང་གི་ཡུལ་མ་ལུས་པར་མ་ཎི་དུང་འགྱུར་འཇུག་མི་ཅི་མང་སྤེལ་ཏེ་སྣར་ལ་བོ་ཆེ་ལ་འཛེགས་ནས། སྣར་ཡུལ་སྟོད་སྨད་རྣམས་སུ་ཡང་མ་ཎིའི་འགྲོ་དོན་ཆེ་བ་བྱུང་སྐབས་བར་གོང་ནས་འབོད་མི་བྱུང་པས། སྒོག་སོང་ཏག་གི་ལམ་ལ་བརྒྱུད། སྐྱེ་ཆེན་སྐྱེ་ཆུང་གི་ལར་གྲགས་པ། གྱེན་རང་ལ་ཉིན་རྩེར་འཛེག་དགོས་ཤིང། ལ་རྩེ་ན་དབྱར་ཀྱང་ཁ་བ་འབབ་པའི་ལམ་འཇིག་བཅས་དེ་ལ་བྱས། འཛུམ་གླང་རྒྱལ་པོ་མ་ནུ་རཱ་ཛའི་མངའ་ཞབས་ཀྱི་ཆར་གཏོགས་པ། རྒྱལ་པོ་ཤར་ནུབ་གཉིས་ཀའི་ས་མཚམས། བླ་མ་པ་ཆེན་གྱིས་སྐུའི་བཀོད་པ་བསྟན། ལམ་འབྲས་གསུངས་པའི་གནས། མཚར་འགའ་ཞེས་པའི་ས་ཕྱོགས་དེར་ཟླ་ཕྱེད་ཙམ་གྱི་