R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 149
[A:149]ཆེན་མཚན་སྤེལ་མིའི་རྩོམ་ཡང་བླ་མའི་རྗེས་དྲན་ལ་བགྱིས། ས་གའི་བཅུ་བདུན་ཉིན་ཚོགས་སུ་བཙུགས་ཤིང། དེ་ཉིན་གང་ཟག་རེ་རེས་ཀྱང་དཀར་མེ་ལྷ་བཤོས་མི་འབུལ་མཁན་མི་འདུག་པས། ནང་ཐམས་ཅད་མཆོད་པའི་ཡོ་བྱད་ཀྱིས་གང་བར་གྱུར་ཏོ༎ དེ་ནས་ས་གའི་བཅུ་བདུན་ནུབ༎ ཡབ་རྗེ་དབྱིངས་སུ་གཤེགས་པའི་དུས༎ རྗེས་དྲན་དགེ་ཚོགས་རབ་སྤེལ་བས༎ ཐུན་མོངས་སློབ་མར་བཅས་ཚིམ་ཚེ༎ སྐྱ་རེངས་འཆར་ཁའི་སྔ་ལོགས་སུ༎ མཆོག་ཏུ་གསལ་བའི་ས་མ་དྷིཿ རྨི་ལམ་སྤངས་པའི་མངོན་སུམ་ལ༎ བཟང་པོའི་ཁྲི་བཅས་མཐོན་པོའི་སྟན༎ དེ་སྟེང་ཕ་ཉིད་བཞུགས་པ་སྙམ༎ དཀར་འཇམ་དྭངས་པའི་རང་བཞིན་གྱིས༎ ལེགས་བྱས་གཡས་པའི་ཞབས་བརྐྱངས་ནས༎ བདག་གི་སྤྱི་བོར་རབ་བཞག་ཏེ༎ མཚན་འཛིན་རྟོག་པ་མ་ལུས་པ༎ ཞི་བའི་གནས་ལ་འགོད་པར་མཛད༎ སྔར་མེད་དབང་གི་ཡེ་ཤེས་ཆེ༎ དོན་ཆེན་གསང་བའི་དབུགས་དབྱུང་ཐོབ༎ བྱིས་པ་རང་ཉམས་བཞིན་ཡེངས་པ༎ ཕ་ཉིད་དག་པའི་དབྱིངས་སུ་བཞུད༎ སྣང་བ་ནམ་མཁའི་འཇའ་ལྟར་ཡལ༎ དབུགས་འབྱིན་རྙེད་པ་ལྔ་པའོ༎ དེ་ལྟར་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་དེས་ཡིད་ལྷག་པར་དྲངས་ནས་སྤྲོ་བ་འཕེལ་ཏེ། སྔར་ཐང་སྐུར་བྲིས་པ། ལུགས་སུ་བླུག་པ། ཙན་དན་སོགས་ཤིང་བརྐོས་སུ་བསྒྲུབས་པའི་སྐྲ་ལོ་རེ་བཞིན་རྒྱུན་མ་ཆད་པ། བཞེངས་པའི་མཐའ་བསྟེན་ལ་དམིགས། གསུམ་ཐོག་གི་ངོས་མ་ཚུད་ཙམ་གྱི་རྣམ་ཐར་བྲིས་ཐང་ཆེན་མོ་དེ་ཉིད་བཞེངས་ཤིང། མཆོད་པའི་རྒྱུར་ཟངས་སྟོབས་མི་ཆུང་བའི་གཞི་རྟེན་སྦྱར། སྤྱིར་ཡུམ་ལ་དམིགས་པའི་རྡོ་རྗེ་རྣལ་འབྱོར་མའི་བྲིས་ཐང་བཅུ། མཁན་རིན་པོ་ཆེའི་