R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): ~150
[A:~150]ཐུགས་དགོངས་རྫོགས་ཐབས་ལ་བདེ་མཆོག་ནག་པོ་པའི་གཟབ་བྲིས་བཅུ། རྒྱ་སྒོམ་རི་ཁྲོད་པའི་དགོངས་རྫོགས་ལ་རྒྱུད་སྡེ་ལྔའི་དཀྱིལ་ཐང་ཁྱད་འདོན་བཅུ། རང་གི་ཚེ་སྒྲུབ་ལ་དམིགས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཐང་བཅུ། དཀོར་སྦྱོང་ལ་དམིགས་རྡོ་རྗེ་མི་འཁྲུགས་པའི་དཀྱིལ་ཐང་བཅུ་རྣམས་བཞེངས་པའི་འདུན་པ་ཡོད་པ་ཡང་དེ་ལོས་ཡོངས་སུ་རྫོགས་པ་གྲུབ་རྗེས། རོང་ནས་འཁོར་ཏེ། རོང་དུགས་ལ་བརྟེན་པའི་འཁྲུ་ན་འཆི་ངེས་པ་ཅིག་བྱུང་སྐབས། བསམ་པ་ལ་རྒྱུ་ངོས་རང་སྙིང་ནོན་པའི་བྱ་བ་སྒྲུབ་རྒྱུ་མ་བྱུང་ཡང། ལྷག་བསམ་དག་པའི་དགེ་བ་ལམ་དུ་སོང་འདུག། བསགས་སྦྱང་གི་རྣལ་འབྱོར་སྐབས་རྨི་ལམ་དུ་འཁྲུ་སྐྱུགས་བྱུང་བའི་སྡིག་པ་ཟད་པའི་རྟགས་སུ་བྱེད་ན། ཨ་ལ་ལ་སྙམ་སྡུག་བསྔལ་དང་ལེན་གྱི་བློ་ཁ་ཙམ་མིན་པའི་རྗེས་དཔག་སྐྱེས། གཏོང་ལེན་གྱི་དམིགས་པ་ཡིད་འཇུར་བ་ཁྲིལ་ཁྲིལ་བས་གཅུན་པས་རྐྱེན་ཐོག་ཏུ་བློ་ཁེལ་པའི་ངེས་ཤེས་ལྷུག་པར་སྐྱེས་ཤིང། གཞི་ནད་ཕེལ་ཆེ་བ་དེ་རང་གི་སོ་ཕྱུང་ནད་ཁྱེར་ལ་སོང་ནས། ཡང་ཡང་འབོད་མི་ནན་བསྐྱེད་བྱུང་བའི་མདུན་མ་དབུ་ནས་ལེགས་པའི་གནས་ག་ལ་བ་དེར་ཟླ་བ་བཅུ་པའི་བཅུ་བདུན་མཆོད་ཀྱི་ཉན་ནས་ལམ་འབྲས་བཙུགས། བྱང་དགོན་ཐ་དད་ནས་འདུས་པའི་དགེ་འདུན་བཞི་བརྒྱ་ལོངས་ངེས་ལ་བཤད་པ་མཐའ་ཆོད་ཡང་དག་པའི་ཁུར་བླངས་ཏེ་ཉིན་མཚན་རྒྱུན་མ་ཆད་པར་གསུང་ངག་རིན་པོ་ཆེ་ཉིད་འཆད་པ་ལ་ཆིག་དྲིལ་དུ་བྱས། ཟུར་ཆོས་ཕྲན་བུ་ཡང་ལམ་འབྲས་རང་མ་གཏོགས་ཆོས་གཞན་གྱི་རྣམ་གཡེངས་རྩ་བ་ནས་དོར། ཆོས་ཐུན་རྒྱུན་རིང་ཤིང་བཤད་ལུང་བབས་ཆགས་པའི་ངང་ནས་སྣང་གསུམ་ལེགས་པར་གྲུབ་རྗེས། སེམས་བསྐྱེད་ལ་སྐྱེ་བོ་