R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 170
[A:170]རིངས་ནི་གུ་བཟླས་པ་ལན་བཅུ་བདུན་ཙམ་མི་རྟག་སྐྱོ་ཤས་ཀྱིས་བསྐུལ་ནས་རང་གཞན་ཀུན་ལ་སྨིན་པར་བགྱིས། བྲག་སྟེངས་སུ་མཚམས་ཞག་བདུན་མའི་སྤྱད་ཆ་ཤིན་ཏུ་དམ་པའི་རིང། སྔར་རང་ལོ་ཉེར་གཉིས་པ་ལ། གནས་དེ་ཉིད་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱི་མཚན་མ་གསལ་པོར་མཐོང་བའི་དུས། གཡོན་ཕྱོགས་ཀྱི་སྟེངས་ཐད་ལ་འདུག་པའི་གནོད་སྦྱིན་ཨ་པ་ར་ཛི་ཏའི་གཟུགས་ཤིན་དུ་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཅིག་ཇ་ཕོར་ལ་བྱུང་བ་ཡོངས་ཀྱི་མིག་ལམ་ལ་ཕེབས། སླར་ལོག་ནས་ཡོངས་དུས་རྒྱལ་ཐང་ཆུ་བཟངས་སུ་གཏོར་གསོས་རྒྱས་པ། སྙན་དར་གསེར་མཆོད་རྣམས་བརྫངས། ཟུ་ལུང་དུ་སྔགས་གཞོན་གཅིག་ལ་གསོལ་མཆོད་ཀྱི་ལག་ལེན་བསླབས་ཤིང་སྤོས་ཤེལ་སོགས་སྟེར་སྦྱིན་ཡང་དག་བྱས་ནས་ངམ་རིངས་ལ་བརྒྱུད། དགུན་ཚའི་ཇོ་བོའི་དྲུང་ན་ལོ་ཆེན་དཔོན་སློབ་བཀའ་གྱུར་རོ་ཅོག་གཟིགས་ཏོག་གནང་བའི་དྲུང་དུ་སླེབ། གསེར་བསྲང་གང། དར་ཁ་གསུམ་སྦྲེལ། དོ་སྦྲལ། ཁ་རྐྱང་རེ་རེ་ངེད་རང་དཔོན་སློབ་ཀུན་གྱིས་སོ་སོ་ནས་ཕྱག་མཇལ་དུ་བགྱིས་ནས་དགོན་སར་དུ་པཎ་ཆེན་རིན་པོ་ཆེའི་དྲུང་ཡང་མཇལ་མཚམས། དཔལ་ལྡན་ས་སྐྱར་གདུང་བརྒྱུད་རིན་པོ་ཆེའི་ཐུགས་བཞེད། སྤོས་ཤེལ་གྱི་ཐུབ་པ། ཛོ་ཀི་རྫས་སྣ་ཚང། གུར་གུམ། ནེ་ཙོ་སོགས་དགོངས་པ་ལ་འབྱོར་པའི་དགྱེས་པ་བསྐྱེད། སྤྱིར་རྟེན་མཇལ་ཆེ་ལོངས་དང། ཁྱད་པར་རྗེ་བཙུན་རིན་པོ་ཆེའི་སྐུ་འདྲ་མཛེ་ཐོད་མ་ལ་དགོས་པའི་ཁྱད་པར་གྱིས་རྟེན་འབྲེལ་གྱིས་དབང་ལས་སྙན་དར་རྣམ་ལྔ། སྤོས་ཆག་མའི་མཎྜལ། སྒོ་རྔུམ་གྱི་མགོན་པོའི་དྲུང་དུ་སྙན་དར་ཁ་ཡིག་འབྱར་བ་བཅུ་གསུམ། གསེར་གྱི་མཆོད་ཕྲན། དགེ་འདུན་བཅུ་ཕྲག་ལྷག་པའི་གཏོར་སྒྲུབ་དང་བཅས་ཕྲིན་