[A:177]སོ༎ ཞེས་བྱ་བ་འདི་རེ་ཞིག་དབྲི་བསྣན་མེད་པར་ཡོངས་སུ་གྲུབ་པའོ༎
རབ་སྦྱང་གཞུང་ལུགས་ཀུན་གྱི་གནད་དོན་རིག༎
མི་མཐུན་བརྩོད་པའི་དབྱངས་རྣམས་བྲག་ཆར་གོ༎
གཅིག་པུར་འདུག་ཀྱང་དགའ་བའི་ཅ་ཅོ་ཤོར༎
སེམས་ཀྱི་མདུད་གྲོལ་མཆོག་དེ་འདི་སྐད་གླེང༎
མང་ཐོས་ཀུན་རྟོག་བསམ་བྱུང་འོད་བརྒྱ་བ༎
རྟ་བདུན་རྐྱེན་གྱིས་གཞན་དབང་གླིང་བཞིར་དྲངས༎
བཅུ་གཉིས་དགའ་མའི་ཁྱིམ་དུ་བསྒོམ་པའི་མལ༎
གྲོལ་བ་མཆོག་གི་གནས་ལ་དགའ་མགུར་བསྟེན༎
ཀུན་གསལ་ལང་ཚོས་རབ་དྲེགས་ལུས་ཕྲ་མ༎
གྲེ་འགྱུར་བྱེ་བའི་སྙན་ངག་རྒྱུད་མང་སྒྲས༎
མཁས་རྣམས་སྙིང་ལ་དཔྱིད་ཀྱི་དགའ་སྟོན་ཆད༎
སྣ་ཚོགས་རང་གྲོལ་མཆོག་ལ་སྦྱོར་ཤེས་མོད༎
དེང་དུས་བྱིས་པ་ཀུན་ལ་ཡུལ་གྱི་སྐད༎
ཕལ་པའི་ང་རོས་དགའ་བ་བསྐྱེད་བྱེད་པ༎
རིགས་པ་མིན་ལ་སྣང་བློ་གཡོ་བའི་ཚུལ༎
གནས་འདིར་གྲོལ་མཆོག་ལྷག་པར་ངོ་མཚར་གྱུར༎
སྔོན་བྱོན་མཁས་ཀུན་རིག་གནས་གཞུང་བརྒྱ་ཡི༎
དཔག་བསམ་ལོ་མའི་དགའ་སྟོན་ཆགས་ནས༎
གྲུབ་མཆོག་རྣམས་ཀྱང་དོན་བཟང་འབྲས་བུ་ཡིས༎
རང་གྲོལ་བཅུད་ལེན་མཆོག་ལ་ཡིད་རྟོན་གྱུར༎
ཀྱི་ཧུད་གཉིས་འཐུང་དབང་པོའི་ཀུན་སྤྱོད་ལ༎
མ་སྦྱངས་བ་ལང་དགའ་བ་གང་ལ་སྐྱེ༎
མིང་ཙམ་མཚུངས་ཀྱང་རང་བཞིན་ཐ་དད་ཅེས༎
གྲོལ་མཆོག་སོམ་ཉི་སྤངས་ཏེ་འདི་སྐད་སྨྲ༎
དཔལ་ལྡན་མཁས་ཀུན་དགའ་བའི་བདུད་རྩི་ནི༎
རང་གྲོལ་བསམ་པའི་བསྙིམ་པས་ལེགས་མནོས་ཏེ༎
གསུང་རབ་མཆོག་ལ་མི་འཇིགས་སྤོབས་པ་ཅན༎
བློ་གསལ་རྒྱ་མཚོའི་སྡེ་ཡིས་རྣམ་པར་བཀོད༎
ཨེ་མ་ཀུན་རྟོག་ཞིང་ས་ལ༎
ཉེ་བར་འཁྲུངས་