[A:184]རྒྱལ་པོའི་ཕོ་བྲང་དུ་ཕྱིན། བྱང་ཕྱོགས་ཡབ་སྲས་ལ་དུས་ཀྱི་བཀའ་དབང་རྒྱུ་ལམ་འཆག་མེད་ཁ་གསོ། ཚེ་དབང་བརྒྱ་རྩ་སོགས་འབུལ་བའི་སྐབས། སླར་དཔལ་སྟག་ལུང་གི་གདན་ས་ཆེན་པོ་ནས། མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་བཀའ་ལུང་ནན་བསྐྱེད་དུ། སྔར་གྱི་ཆོས་ཀྱི་རྣམ་གྲངས་མཚན་ཙམ་ཐོས་པའི་ལེགས་བྱས་ཀྱི་དོན་དེ་ཉིད་སླད་ནས་ཟབ་རྒྱས་ཀྱི་བདུད་རྩི་རྗེས་སུ་མྱང་བའི་བློ་རིངས་པ་ཉིད་དུ་ཡོད་པ་ནས། ལམ་གྱི་དཀའ་ཚེགས་ལ་མ་ལྟོས་པ་ཅི་ནས་ཀྱང་མྱུར་བར། སྔོན་གྱི་དམ་ཚིག་རྗེས་སུ་དགོངས་པའི་འབྱོན་ལུགས་དགོས་གསུང་བའི་བཀའ་བསྩལ་ཅི་བོར་བླངས་ནས། ཤུལ་རིངས་ཀྱི་ངལ་དུབ་ལ་ཁུར་དུ་བཟོད་པའི་ངང་ཉིད་ནས། ཐོག་མར་དཔལ་སྤྱང་ལུང་གི་རི་ཁྲོད་ཆེན་པོར་རིགས་འཛིན་འཆི་མེད་དབང་པོ་རྒྱལ་བ་འོད་སྣང་གི་ངོ་བོར་གྱུར་པའི་དཔལ་རིན་པོ་ཆེ་སྤྱང་ལུང་པའི་ཞབས་དྲུང་དུ་ཕྱིན་ཏེ། གསེར་ཞོ་བཅུ་གསུམ་གྱིས་སྣ་དྲངས་པའི་དངོས་པོ་རྣམ་པར་དག་པ་ལག་ན་ཅི་མཆིས་པ་ཐམས་ཅད་ཡོངས་སུ་དག་པའི་སེམས་ཀྱིས་ཕྱག་གི་པདྨོར་སོན་པར་བགྱིས། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་བརྒྱུད་པའི་ལམ་འབྲས་ཆ་ལག་ཡོངས་སུ་རྫོགས་པའི་བཀའ་དྲིན་ཞུ་བའི་སྙན་གསན་བཏབ། ཞག་འགའི་བར་དུ་ལམ་གྱིས་དུབ་པའི་ངལ་བསོའི་ཡིད་བདེར་ཅི་བདེར་འཁོད་ཅིང། དེ་བར་པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་གྲུབ་པའི་རྒྱལ་མོའི་ཚེ་དབང་ཁྲིད་དང་བཅས་པ་ཞུས་མཚམས་སྟག་ལུང་ནས་འབོད་མི་རིམ་ཅན་དུ་བྱུང་བས་མྱུར་བར་བསྐུལ་ཏེ། སྟག་ལུང་ཐང་པའི་ཆོས་གྲགས་གཅུང་རིན་པོ་ཆེ་འགྲོ་བའི་མགོན་པོ་རས་པ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ཉེ་བར་མཐོང་བའི་ཡིད་བདེས་དྲངས། ཞག་གསུམ་ཙམ་བཅག་མལ་