R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 198
[A:198]ལམ་སྤྱད་ནས་གཏིང་སྐྱེས་ཀྱི་ཆོས་གྲྭར་དགེ་འདུན་བདུན་ཅུ་ཙམ་ལ་ལམ་འབྲས་རྫོགས་པར་བཤད་ཅིང། ཁྱད་པར་སྡེ་པ་རིན་པོ་ཆེ་ཉིད་ཀྱི་དྲུང་དུ་དགོངས་བཞེད་ཀྱི་གཙོ་བོར་འདུག་པ་ནས་བདག་ཆེན་བློ་གྲོས་པ་ནས་བརྒྱུད་པའི་ལམ་འབྲས་ཆ་ལག་རྫོགས་པར་ཕུལ་ཞིང། བརྙེལ་བསོའི་ཟིན་ཐོ་སོགས་ནན་ཏན་ཆེ་བ་རང་གནང། ཐུན་བཞིའི་རྣལ་འབྱོར་ཕྱག་བཞེས་སུ་ཐེབས་པའི་ངོ་མཚར་གྱི་དཔལ་འཛིན་པར་མཛད། དེ་སྐབས་གནས་དེ་ཉིད་དུ་བདུད་རྩི་རིལ་བུ་སྒྲུབ་པའི་མདུན་པ་མངོན་དུ་བཏང། དགེ་སློང་བཞི་བསྙེན་སྒྲུབ་ལ་ནན་ཏན་གྱི་བསྐུལ་ཅག་མ་རེལ་བའི་གནད་སྦྱོར་བྱས་ཤིང། ལམ་འབྲས་དང་ཁོང་རྣམ་པའི་བསྙེན་སྒྲུབ་མཐར་ཕྱིན་མཚམས། ལམ་འབྲས་ཀྱི་ཆོས་ཡོན་རྣམས། བྲག་དཀར་ནས་མཁན་ཆེན་རིན་པོ་ཆེ་སྤྱན་དྲངས་ཕྱག་ཏུ་དེངས་པར་བྱས། བསྔོ་བས་རྒྱས་འདེབས་ཞུས་ཤིང། སྔ་གོང་ནས་བཀའ་ནན་ཡང་ཡང་གནང་བ་ལྟར། མཁན་ཆེན་དྲུང་དུ་བདེ་མཆོག་ལཱུ་དྲིལ་ནག་གསུམ་གྱི་དབང། ནི་གུའི་བྱིན་རླབས་དབང་དང་བཅས་པ་ཟླ་ཕྱེད་ཙམ་ཕུལ། ངེད་རང་གིས་ཀྱང་པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་བསྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ་རྗེས་གནང་རྫོགས་པར་ཞུས་ཤིང། གསེར་ཞོ་གསུམ་དང་བདུན་ཆ་ལེགས་པར་ཅིག་གིས་སྣ་དྲངས་པའི་འབུལ་བ་ཆ་མཐུན་ཡང་བགྱིས། དེ་མཚམས་གཡས་རུ་བྱང་ནས་བདུད་རྩི་རིལ་བུ་སྒྲུབ་པའི་ཆས་སྨན་ལྟོས་ཆེ་བ་དང། རྗེ་བཙུན་གྲགས་པ། ཆོས་རྒྱལ་འཕགས་པ་སོགས་བླ་མ་གོང་མའི་རིལ་བུའི་རྟ་མཚན་ཆེ་བ་གནང་བྱུང་བ་ལ་གཞི་བླངས། ས་གའི་ཉེར་གསུམ་ནས་ཉེར་དགུའི་བར་གྱི་ཞག་བདུན་ལ་བརྒྱུད་པའི་ཕྱག་བཞེས་མ་ལོག་པའི་བདུད་རྩི་སྨན་སྒྲུབ་སྤེལ་བས། ཕྱི་ནང་གི་