[A:203]གང་ཞིང། བདག་ཉིད་ཀྱང་ཁ་ཙམ་མིན་པ་སྤྲུལ་པའི་སྐུ་ཉིད་ལ་ཡིད་ཆེས་པའི་དད་པ་བླ་ལྷག་ཏུ་སྐྱེས་ཤིང། མགོན་པོ་ཤཱ་ཝ་རས་བྱིན་གྱིས་བརླབས་པའི་མཚན་མ་ཡང་ཉིད་ཀྱི་མཐུ་ལས་བྱུང་བའི་ཡིད་གཏན་སྙིང་ནས་ལྷུག་པར་རྙེད་པའི་དབང་ལས། མར་པ། མི་ལ། སྒམ་པོ་བ། ཕག་མོ་གྲུ་པ། བླ་མ་ཞང། སྟག་ལུང་ཐང་པ། འཇིག་རྟེན་མགོན་པོ། གླིང་རས། རྒྱ་རས། རྒོད་ཚང་པ་རྣམས་ཀྱི་བཀའ་འབུམ་གྱི་ལུང། འབྲུག་སྐོར་གྱི་བཅུ་གསུམ་མའི་དབང། རྟེན་འབྲེལ། རོ་སྙོམས། བླ་སྒྲུབ། བསྲེ་འཕོ་སོགས་ཉིད་ཀྱིས་འབྲུག་པ་རིན་པོ་ཆེ་ལ་གསན་པའི་བཀའ་རྒྱུད་རིན་པོ་ཆེའི་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་ཐོབ་པས་ཐོས་བརྒྱའི་སྒྲོ་འདོགས་ལྷག་པར་ཆོད་པ་བྱུང། དེ་སྐབས་ཡར་རྒྱབ་ཕྱོགས་སུ་ཟླ་བ་བཅུ་གཉིས་པའི་ནང་ཙམ་ལ་བྱ་དཀའི་དབང་གིས་ཡུད་ཙམ་ཕྱིན་སྐབས། གཞུང་ཀྲེ་ཤིང་གི་གདུང་བརྒྱུད་པ་སྤྱན་དྲངས་ནས། རྔོག་དཀྱིལ་བདུན་གྱི་དབང། རིན་ཆེན་རྒྱན་འདྲའི་བཤད་ལུང། བསྲེ་འཕོ། ཆོས་དྲུག་སྲས་མཁར་མ། གདན་བཞི་དང་མ་ཧཱ་མཱ་ཡའི་རྫོགས་རིམ་མཐའ་དག་དང། བཀའ་བསྲུང་དུ་གསོལ་མའི་དབང་ལུང་ལ་ཐུག་གི་བར་རྫོགས་པར་ཞུས། འབུལ་བ་དང་ཞབས་ཏོག་ཆ་མཐུན་བསྒྲུབས་ནས་སྐྱར་ལོག་བགྱིས། བསེ་གླིང་གི་རི་ཁྲོད་ཉིད་དུ་ཞབས་ཀྱི་པདྨོར་སོན། ཇི་ལྟར་ཐོས་པའི་ཆོས་རྣམས་རྫོགས་པར་ཕུལ་རྗེས། སླར་སྟག་ལུང་གི་ཆོས་གྲྭར་ཆེན་པོར་བགྲོད་ནས། གཅུང་རས་ཆེན་པའི་དྲུང་དུ་རྔོག་དབང་བདུན་སོགས་དགོངས་པའི་དབྱིངས་ཡོངས་སུ་བསྐངས་ཞིང། སླད་མ་དབོན་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དབུ་སྐྲ་བསིལ། ཚངས་པར་སྤྱོད་པའི་གནས་ཡོངས་སུ་བཞེས་པར་