[A:210]གཟིགས༎
ཆོས་སྦྱིན་བསམ་པས་ལྷ་བཅས་འགྲོ་བའི་ཡིད༎
ཡོངས་སུ་ཚིམ་པའི་སྦྱིན་པ་ཟང་ཟིང་མེད༎
བསོད་ནམས་དཔག་ཡས་གང་དེས་ལུས་ཅན་རྣམས༎
ཐར་པའི་འཇུག་ངོགས་བདེ་བར་བགྲོད་པ་ལགས༎
ཚོགས་མང་འདུས་པའི་དབུས་ན་མངོན་མཐོ་བ༎
རྒྱུ་སྐར་བྱེ་བས་སྐོར་བའི་ཟླ་བ་བཞིན༎
སྨྲ་མཁས་འཛུམ་དཀར་གཡོ་བའི་བསིལ་ཟེར་གྱིས༎
བསྐལ་བཟང་དད་པའི་སྐུ་མུད་རྒྱས་པར་བྱས༎
ཨེ་མ་དུས་ཀྱི་མཐར་ལྷུང་བས༎
ཕྱོགས་འཛིན་ཚུབ་མས་ཀུན་དུ་བསྐྱོད༎
བཟོ་གནས་ཡིད་བདེའི་དཔལ་འཛིན་པ༎
ཨུ་དུམ་མེ་ཏོག་ལྟ་བུར་སྣང༎
བསྟན་ལ་ཕྱོགས་རིས་མ་མཆིས་ཤིང༎
བསྟན་པ་འཛིན་ལའང་ཉེ་རིང་ཅི༎
རང་གཞན་ཕྱོགས་སུ་འཛིན་པའི་ཆ༎
རྡུལ་ཙམ་ཡིད་ལ་འཆང་མ་ལགས༎
ཕ་ནི་ཡོངས་སུ་གསོ་བའི་ཕྱེད༎
མ་དག་བཀུམ་པ་སྲིད་མིན་ལྟར༎
རང་གི་བསྟན་པ་སྤེལ་བའི་ཕྱིར༎
གཞན་གྱི་བསྟན་པ་ཇི་ལྟར་བཤིག༎
ཡོངས་ལ་དག་པའི་སྣང་བ་ཅན༎
ཕྱོགས་དང་རིས་སུ་མ་ཆད་པའི༎
སངས་རྒྱས་བསྟན་པའི་ཁོལ་པོ་པ༎
ཡན་པ་བློ་བདེ་ཁོ་ནར་བས༎
འདི་ན་འགའ་ཡི་ཆས་དགས་ཤིང༎
ཕལ་དང་མཐུན་པར་མ་གྱུར་ཀྱང༎
ལྷག་བསམ་དག་པའི་རང་བབས་ལ༎
རྒྱལ་བ་སྲས་བཅས་དགྱེས་པ་འཛིན༎
དེ་ཡང་རང་གི་ཡོངས་སུ་འཛིན་པའི་དགེ་བའི་བཤེས་དཔལ་རིན་པོ་ཆེ་སྤྱང་ལུང་པའི་ཞབས་ཀྱི་པདྨོར་མངོན་པར་མཆོད་དེ། ཕྱིས་ནས་ཞལ་གྱི་དཀྱིལ་འཁོར་མི་མཐོང་ངེས་པའི་ཡིད་ཤེས་སྐྱོ་བའི་དབང་ལས་བཀའི་ཐ་མར་ཡང་དགའ་ལྡན་གྱི་ལམ་མངོན་པར་འཐོབ་པའི་འཕོ་བ་འོད་ཀྱི་འཇའ་ཚུབ་མ་དང་