[A:38]དང། ཁྲོ་ཕུ་བའི་མན་ངག་བརྒྱ་རྩའི་ལུང། སྙིང་པོ་དོན་གསུམ་གྱི་ཁྲིད་རྫོང་ཆོས་སུ་ཉན། སླར་ཡང་དྲུང་པ་ཆོས་རྗེའི་ཞབས་པད་ལ་བཏུད་དེ། ཚེ་དབང། སྒྲོལ་དཀར། རྣམ་རྒྱལ་འཇོམས། ཆོས་སྐྱོང་གི་བཀའ་བསྒོ་སོགས་ལམ་གྱི་རྐྱེན་སེལ་ལ་དམིགས་པའི་ཆོས་བཀའ་དེ་རྣམས་ཉིན་རེ་བཞིན་སྩལ་ནས། ནང་པར་ཤར་ཕྱོགས་ལ་ཐེགས་པའི་དོ་ནུབ་སྲོད་ཀྱི་ཇ་གྲལ་ལ་སྤྱི་འགྲོགས་སློབ་གཉེར་བ་ཀུན་ལ་ཡང་དག་པའི་བཀའ་བཀོད་ཐུགས་ཚས་མ་དོར་བ་ཞིབ་རྒྱས་སུ་གནང་ཞིང། ཁྱད་པར་བདག་ལ་ཁྱོད་ན་ཚོད་ཤིན་ཏུ་ཕྲ་བ་ཡིན་ཡང་ད་ལྟ་གཞུང་ཆེན་འདི་ཙམ་ཡོད་པས་སློབ་གཉེར་ཡང་ཆ་མཐུན་ཡོང་བའི་རེ་བ་ཡོད། མདོར་ན་བསླབ་སྦྱངས་ཀྱི་ཡོན་ཏན་ཆེ་ཆུང་གང་ཤེས་ཀྱང་རྒྱུད་ཞི་ཞིང་དུལ་བ་ལ་གནས་དགོས། སེམས་དང་ཆོས་སུ་མ་འདྲེས་ན་ཡོན་ཏན་གྱིས་མི་ཕན་པའི་གཏམ་རྒྱུད། སྔར་བཀའ་གདམས་ཀྱི་ཆོས་མང་དུ་ཐོབ་པའི་ཚེ་ཐོས་པའི་དེ་དག་མ་བརྗེད་པ་དང། ཁྱད་པར་ཐོས་པས་དྲེགས་ནས་བསླབ་པ་ལ་ཁྱད་སོད་བྱས་ན། ངན་སོང་དུ་སྐྱེས་ཚེ་ཐོས་པས་མི་ཕན་པར། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས།
ཇི་སྙེད་ཆོས་ཀྱི་རྣམ་པས་བྱང་ཆུབ་ཀྱང༎
ཐོས་པས་རྒྱགས་ཏེ་ཚུལ་ཁྲིམས་མི་བསྲུང་ན༎
ཚུལ་ཁྲིམས་འཆལ་པས་ངན་འགྲོར་དེ་འགྲོ་སྟེ༎
དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། ཚིག་བཅད་འདི་སྙིང་ལ་ཡང་ཡང་ཞོག། མི་ལུས་རྙེད། ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས། ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་བྱེད་རྒྱུ་ཡོད་པ་བསོད་ནམས་བསགས་པ་ཡིན། ངེད་ན་ཚོད་རྒས་པ་ཚུན་དབུས་གཙང་དུ་སྡོད་རྒྱུ་ཡོང་བ་དཀའ། གང་སྡོད་རིང་ལེ་ལོར་མ་སོང་བའི་འབད་པ་གྱིས། སྤྱིར་ད་ལན་བརྟག་པ་ཚུན་འཚུབ་ཅིང། བར་ཆད་ཀྱི་སྒོ་