[A:39]ཆེ་བར་འདུག་པས། ཕྱོགས་བཅུ་མུན་སེལ་སོགས་ཐུན་པོད་རྣམས་ཀློག་པ་དང། ལམ་ལ་ཡང་ཁ་དོན། ཕྱི་གཏོར་ནང་གཏོང་རྣམས་མ་ཆག་པར་གྱིས། ཐུབ་པ་དགོངས་གསལ་ནས་གསུངས་པའི་ཕྱོགས་གར་འགྲོའི་སངས་རྒྱས་རྣམས་ལ་སྐྱབས་འགྲོ་གསོལ་བཏབ་ཕྲེང་སྐོར་རེ་ཙམ་ཡིད་རྩེ་གཅིག་པས་བསྒྲུབས། དུས་དང་གནས་སྐབས་ཀུན་ཏུ་རྐྱེན་བདེ་སྡུག་ཅི་བྱུང་ཡང་ཆོས་ཀྱི་དགོས་པ་མ་ཤོར་བ་གལ་ཆེ། འདི་ནམ་འཆིར་འཆང་བའི་ཞལ་ཏའི་དངོས་གཞི་ཡིན་ནོ༎ ཅེས་བརྩེ་བས་རྗེས་སུ་གདམས་པའི་རྡོ་རྗེའི་གསུང་འདི་དག་ནི། དྲེད་པོ་ཆོས་རྒྱུས་མཁན་བདག་ལ་གནས་སྐབས་ཐམས་ཅད་དུ་དྲན་པ་ཙམ་གྱིས་ཆོས་མིན་གྱི་སྣང་བ་བཙན་ཐབས་སུ་བཟློག་པའི་ཡིད་ཆེས་ཀྱིས་ངོ་བོ་མཐར་ཐུག་པའི་བཀའ་དྲིན་འཁོར་བ་མེད་པའི་བྱིན་ཆེན་པོ་ནམ་དུའང་མི་བརྗེད་པའི་གཟེར་བུ་ཐེར་ཟུག་ཏུ་གནས་ཏེ། ཟབ་མོ་མཚལ་མགོ་མའི་གེགས་སེལ་ལྟར། དགོས་དུས་ཡིག་ངོར་ལུས་པ་མ་ཡིན་པའི། དྲན་ཆོག་ལམ་གྱི་གོ་ཆར་དངོས་སུ་རྟོལ་བ་འདི་ཉིད་ཡིན། དུས་དེར་འབྲལ་བར་མི་སྤོབས་པའི་གདུང་ཤུགས་ངང་ནས་ཅི་བྱ་ཏོལ་མེད་པའི་ཡུས་ཀྱིས་ཞབས་སྤྱི་བོར་བཀོད་པ་ཙམ་ལ་སེམས་ཀྱི་རྟེན་པོ་བྱས། མིག་ཆུ་རྒྱུན་མི་འཆད་པར་འཛག་བཞིན་དུ་ཤར་ཕྱོགས་ལ་ཡོང། བྱིས་པའི་བློ་ཚོད་དང་སྦྱར་བའི་བླ་མའི་མོས་གུས་རང་བློས་མི་ཁྲེལ་བ་ཙམ་དེ་དུས་སྐྱེས་འདུག། ཟླ་ཕྱེད་སོང་བའི་ལམ་དུ། ལས་སྟོད་སྨན་ཁབ་པའི་ཉེར་འཚེ་ལ་བརྟེན་ཡིད་འབྱུང་ཆེ་བར་བྱུང་ཡང། ཡོངས་དུས་ཀྱི་མ་འོངས་ལུང་བསྟན་དྲན། ཞེ་སྡང་མངོན་གྱུར་བ་སྤུ་རྩེ་ཙམ་ཡང་མ་སྐྱེས། དེ་ནས་རིམ་གྱིས་དཔལ་ལྡན་ས་སྐྱར་སླེབ། ལྷ་ཁང་ཆེན་མོ་སྟེང་ཤོད། བཞི་ཐོག། སྒོ་རུམ། བླ་བྲང་