R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 53
[A:53]སོས་དལ་མ་བྱས་པར་སྐོར་བ་དང་ཆུ་འཐོར་བ་སོགས་གཉིད་སང་བའི་ཐབས་བསྟེན། དུས་དེའི་སྙིང་རུས་ལ་སུས་ཀྱང་འགྲན་དུ་མེད་པའི་ཚུལ་དཔང་པོ་དང་བཅས་པ་ཁོ་ན་ཡིན། དེ་སྐབས་པཎ་ཆེན་བྱམས་པ་གླིང་པ་ཡང་ལམ་འབྲས་གསན་པ་ལ་ཐབ་བཏེགས་ཏེ་སྨོན་ཐང་ཉིད་དུ་ཕེབས་ཡོད་པས། ཉིན་རེ་བཞིན་ཐུན་མཚམས་སུ་རྒྱུད་གདམས་ངག་གི་འབེལ་གཏམ་ཉི་རྩེར་ཞུས་པས། མཐའ་ཆོད་པའི་བཤད་པ་ཡིག་ངོ་ལ་མ་ལྟོས་པ་ཁོ་ནས། མ་གོ་བའི་གནས་ཐམས་ཅད་འགྲོལ་བར་མཛད་དེ། འདི་ལ་ཅི་སྐད་གསུང་སྙམ་དྲི་གཏུགས་ཕུལ་བ་ཐམས་ཅད་ལ་སྔོན་གྱི་གྲུབ་མཐའ་སྨྲ་བ་རྣམས་འདིའི་སྐབས་སུ་འདི་ལྟར་བཞེད། ཁོ་འདི་ལྟར་བསམ་གསུང་བ་སོགས་ལེགས་པར་བཤད་པའི་གཏམ་གྱིས་གང་མ་གོ་བ་དེ་ཉིད་ལ་དཔྱིས་ཕྱིན་པའི་བཤད་པ་མཐའ་འཁྱོངས་པ་སྩལ་བས་ཡིད་མགུ་བ་ཐོབ་པའི་བཀའ་དྲིན་མཛད་ཅིང། རྒྱུད་ཚུལ་བཞིའི་བཤད་པའི་ཆོས་མཚམས་དང། སྣང་གསུམ་གྲོལ་བ་དུས་མཉམ་དུ་མཛད། སེམས་བསྐྱེད་སྐབས་ཀྱི་སྐྱེ་བོ་དད་ཅན་སྟོང་ཕྲག་འདུས་པའི་དབུས། དགོས་སྐལ་གྱི་བྱང་ཆུབ་ཏུ་ངེས་པའི་བློ་ཁ་ཙམ་མིན་པར་སྐྱེས། སློབ་མ་རྗེས་འཛིན་ཞུས། བསགས་སྦྱངས་སྐབས་དེ་ལོ་རྒྱུ་དུས་ལ་ཟླ་བ་ཕྱེད་གཉིས་ཙམ་འགོར་བའི་བར། དྲུང་པ་ཆོས་རྗེའི་དྲུང་དུ་སྔར་ཞལ་མཇལ་ཙམ་ལས། ཤར་ནས་སླེབ་འཕྲལ་ཆོས་ཚུགས་པའི་སྟབས་ནས་ནུབ་རེ་ཙམ་གསོལ་ཇ་ཞུ་བ་ལ་ཕྱིན་དུས་རྒྱུད་གཉན་པོ་ཉན་པ་ལ་ནུབ་ཡན་བྱར་མི་སྟུབ། བསགས་སྦྱངས་སྐབས་འདིར་ཤོག་གསུང་བའི་བཀའ་བཞིན་དེ་བར་དགོན་པར་མཚམས་སེ་བྱས་སྔ་ཕྱི་དཔེ་འཛིན། ཡིག་བརྒྱ། མཎྜལ་སོགས་ཐུན་མ་ཆག་པའི་དགེ་སྦྱོར་འགྲུས་པ་དང། ཉིན་གུང་ཁ་