[A:58]འདུན་དང་བཅས་པ་ལ་བསྙེན་བཀུར་འབུལ་འགྱེད་བཟང་པོ་བསྒྲུབས། དེ་ཉིན་འགྲུབ་སྦྱོར་ཡོད་པས། དྲུང་པ་ཆོས་རྗེའི་གདན་སར་མངའ་གསོལ་མཛད་དེ། ཆོས་རྗེ་རྣམ་པ་གསུམ་ཀས་ཕྱག་ནས་ལྷན་དུ་གནང་ཞིང། དེ་དུས་རེ་ཞིང་དུ་ཚེས་ལྔའི་དུས་ཆེན་གཙོ་བོ་ལ་ཡོང་དགོས་ནན་བསྐྱེད་བྱུང་བ་ལ། ཤ་ཚའི་ཉེ་སྦྱོར་བ་འགའ་ཞིག་ན་རེ། སྔར་མཛད་པ་མེད་པ་ལ། ད་རེས་ཚོགས་ཤིན་ཏུ་ཆེ་བ་ཡོང་བས། སྔོན་བློ་ཆར་ན་གཏན་མི་བསྟུབ་པས། སྨོན་ཐང་པའི་སྡེ་པ་རྣམས་ཀྱི་གདུང་རབས་ཞིག་ཀྱང་གཟིགས་དགོས། ཡས་གཏམ་གྱི་དཔེ་ཆ་ཡང་ནན་ཏན་ཡང་དག་པ་གནང་དགོས་ཞེས་བསྐུལ་མ་ཡང་ཡང་བགྱིད་པ་ལ། མི་ཆོས་ཀྱི་གདུང་རབས་ལ་སློབ་གཉེར་བྱེད་པ་རང་བློས་ཅོག་པ་དཀའ་བ་འདྲ་ཞེས་ཟོལ་གྱི་ལན་བཏབ། དུས་ལ་བབ་པ་ན། དཔོན་ས་གདུང་བརྒྱུད་ན་རིམས་རེ་རེ་ནས་ལུགས་གཉིས་ཀྱི་བྱ་བ་ཅི་དང་ཅི་མཛད་པ་དེ་དག། སྙན་པར་བསྔགས་པའི་ཕྲེང་བར་སྤེལ་བ། གཙང་ཞིང་མ་འདྲེས་པའི་ཚིག་སྦྱོར་རྒྱས་པ་ངང་བའི་སྐད་དང། བུང་བའི་དབྱངས་ལྟར་རྗེས་སུ་བསྒྲགས་པས་ཚོགས་པ་ཐམས་ཅད་མགུ་བ་སྐྱེས། དེའི་སང་སྔ་བར་ཁ་སང་གྲལ་ན་ཡོད་པའི་སློབ་དཔོན་འགའ་ཞིག་ཡོངས་ནས། དྲུང་གིས་ཁ་སང་གནང་བའི་ཡས་གཏམ་དེའི་དཔེ་ཆ་གཡར་པ་གནང་དགོས་ཟེར་བ་ལ། ངས་ཁ་ནས་གང་ཐོན་བྱས་པ་མ་གཏོགས་དཔེ་ཆ་མེད་བྱས་པས། བདེན་བསམ་པ་མི་འདུག། འོན་ཀྱང་དེ་ཉིན་ཡས་གཏམ་བཏང་བ་ཕྱོགས་གོའི་རྣམ་པ་རྒྱས་འབྲིང་བསྡུས་གསུམ་མདོ་སྐབས་དང་སྦྱར། དགོན་པར་བསྔོ་བ་བྱེད་དགོས་ཉིན་རེ་ལ་ལན་བཟླས་པ་དུ་མར་དགོས་པའི་རེ་རེ་ལ་ཡང་མི་འདྲ་བའི་རྣམ་དཔྱད་ཀྱི་ཁྱད་པར་རེ་རེ་སྦྱར་བའི་བྱེད་ཚིག་ཕུན་