R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 80
[A:80]ཏུ་བླངས་ནས་དཔྱིལ་བུར་ཀློག་ཚར་གཅིག་བསྒྲགས། དགེ་འདུན་རྣམས་ལ་ཐུབ་པ་དགོངས་གསལ། ཞང་མདོ་སྡེ་དཔལ་གྱི་སྒྲུང་འགྲེལ། ལྷོ་པའི་མདོ་འགྲེལ་གཉིས་ཐད་སོར་སྦྱར་བའི་ལུང་ཙམ། ཉིན་གུང་ཐུན་རེར་མ་ཆགས་པ་བཀླགས། དགོངས་ཕྱོགས་བྱམས་གླིང་དུ་ཉིན་རེ་བཞིན་ཕྱིན། བདེ་མཆོག་ནག་པོ་པ་དང་དྲིལ་བུ་པའི་ལུས་དཀྱིལ་གྱི་དབང། དྲིལ་བུ་རིམ་ལྔའི་བྱིན་རླབས་ཁྲིད་ལུང་ཞུ་བ་ལ་ཟླ་ཕྱེད་ཙམ་སོང། དེ་རྗེས་ཁམས་འདུས་ཏེ་འགྲོལ་བ་ལ་དགོངས། ངའི་བླ་མ་པཎ་ཆེན་བཀའ་དྲིན་ཅན་དེས་ལཱུ་ཨི་པའི་དཔལ་མངོན་པར་རྟོགས་པའི་འཇུག་གི། ཨ་ལི་ཀ་ལི་མདུན་བསམ་ནས༎ རྣལ་འབྱོར་ཆེན་པོ་ངལ་བསོ་བྱད༎ ཞེས་པ་ནས། བསམ་གྱིས་མི་ཁྱབ་དེ་བས་ན༎ དེ་ལ་གཟུངས་ནི་ཐོབ་པར་འགྱུར་གྱི་བར་རྫོགས་རིམ་སྟོན་བྱེད་དེ་རྣམས་དང། ཡབ་ཀྱི་རྩ་དབུ་མ་སྦྱར་བའི་ཟབ་བཤད་མཐིལ། ཕུག་པའི་བཀའ་དྲིན་ལ་བརྟེན་ཅུང་ཟད་ཡིད་བརྟས་པའི་བདེ་ཉམས་ཡོད་པའང་བྱུང། བླ་མ་པཎ་ཆེན་ལ་ཆོས་ཐོས་པའི་རྗེས་མ་ཡང་འདི་ཀ་ཡིན། དེ་ནས་ཡང་ཉིན་ཅིག་སྐ་རག་ཏུ་རང་རྐྱང་བུས་བྱེ་མའི་ལུང་ཞུ་བ་ལ་ཕྱིན་པས། བྱང་སེམས་ཆེན་པོ་ཚ་རམ་པ་དཔོན་སློབ་ཁ་ཅིག་ལ་གསང་སྤྱོད་མནལ་ལམ་མ་གནང་བའི་མཎྜལ་འབུལ་ཙམ་ལ་སླེབ་ནས་ལྷན་དུ་ཉན། བྱེ་མའི་ལུང་ཞུས། ཚུར་ལམ་ཨོ་རྒྱན་པདྨས་བྱིན་གྱིས་བརླབས་པའི་མ་ཐང་གི་བྱེ་ལུང་ནས། ཐེག་ཙམ་གྱི་བྱེ་ཐུམས་ཅིག་ཁུར་ནས་འོངས་པས། ཚོམ་མི་དང་ཕྲད། དེ་མན་ཞག་ཉེར་གཅིག་དབྱར་གྲོལ་གྲོལ་བྱེ་བསྙེན་བྱས་ཅིང་གར་ཡང་མ་ཕྱིན། དགག་དབྱེའི་ཉིན་རྗེས་འབོད་མི་རྐང་གཏད་གནང་བྱུང་བས། དེ་ནུབ་མན་ཟླ་བ་གཅིག་རྣམ་རྒྱལ་དུ་བསྡད།