R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 83
[A:83]གྲུ་གཟིང། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་འགྲེལ། མན་ངག་སྙེ་མ། འགྲེལ་ཆེན་དྲི་མེད་འོད། མདོ་བསྡུས་དང་པོའི་འགྲེལ་པ་ཨ་ཙ་ལ་གརྦྷས་མཛད་པ། དབང་མདོར་བསྟན་གྱི་འགྲེལ་པ་ནཱ་རོ་པས་མཛད་པ། ཏོག་བདུན་འགྲེལ་པ་སློབ་དཔོན་མི་བསྐྱོད་པས་མཛད་པ། དགྲ་ནག་གི་འགྲེལ་པ་དཔལ་འཛིན་གྱིས་མཛད་པ། རྡོ་རྗེ་སློབ་དཔོན་གྱི་ལས་ཐམས་ཅད་ཚང་བར་སྟོན་པ་སློབ་དཔོན་ལེགས་སྦྱིན་གྱིས་མཛད་པ་རྣམས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་དངོས་བཞུགས་པ་དད་མོས་ཀྱིས་ཉིན་མཚན་གོར་མ་ཆག་པར་མིག་དཔེ་ཆ་དང་མ་བྲལ་བར་བྱས། སྐབས་འགར་མཚན་རང་པོར་དཔེ་ལྟ་ལ་སོང། མར་མེ་འཛིན་མི་ཕྱིར་ཐེགས་པ་དང་ནམ་ལངས་པ་མྱམ་དུ་བྱུང་བ་གྲངས་འདས། ཕུ་ཕག་ན་ཕྱག་དཔེ་པོ་ཏི་ཉིས་བརྒྱ་ཙམ། བྱམས་པ་གླིང་ན་པོད་གྲངས་བཞི་བརྒྱ་ཁ་འཆར་ཡོད་པའི་པོ་ཏི་རེ་རེ་བཞིན་ལན་བཅུ་ཙམ་རེ་ཞལ་མ་ཕྱེ་བ་གཅིག་མེད། སྐྱེ་ས། མཁའ་སྤྱོད་རྣམས་ཀྱི་ཕྱག་དཔེ་ཀུན་ལ་ཡང་བལྟ་རྟོག་ཡང་དག་པ་བྱས། རྗེ་བཙུན་གྲགས་པའི་གསུང་གིས། ང་ཐོབ་རྒྱ་ཅན་མིན་ཏེ། མཐོང་རྒྱ་ཅན་ཡིན་གསུང་བ་དེ་ཉིད་ལག་ལེན་ལ་བཀའ་བ་བརྫུན་མེད་དཔང་པོ་དང་བཅས་པ་ཡིན། བྱི་ལོའི་དགུན་རི་བོ་གསེར་ལོགས་ཀྱི་ངོགས་ཡངས་དགོན་པར་རྗེ་དྲུང་དུ་གསུང་ངག་སྒྲུབ་པ་ལུང་སྦྱིན་པའི་བར་ཞིབ་རྒྱས་སུ་སྨིན་པར་བྱུང། གྲུབ་པའི་རྒྱལ་མོའི་ཚེ་དབང་དང། གནས་ཆེན་ཆུ་མིག་བརྒྱ་རྩར་མི་གཡོ་བ་སྔོན་པོའི་ཆུས་བསྲུངས་ཞུས། དགོན་པར་དབྱར་གནས་ལ་འོངས། བདེ་མཆོག་ལཱུ་དྲིལ་ནག་གསུམ་གྱི་དབང། ལཱུ་ཨི་སྨད་ལྔ། དྲིལ་བུ་གཞུང་གསུམ། ནག་པོ་གཞུང་དྲུག་རྣམས་ཀྱི་རྒྱ་གཞུང་སོ་སོ་ལ་བཤད་པ་རྒྱས་པར་བགྱིས་པའི་སྐབས།