[A:84]བླ་མ་ཁམ་སྟོན་དཔོན་སློབ་དྲུག་ཅུ་སྐོར་གངས་རི་མཚོ་གསུམ་སྐོར་བ་ལ་བྱོན་བྱུང་བས། གཏུམ་མོ་ལྕགས་ཐང་མ་འཕོ་བ་འཇའ་ཚུབ་མ་དང་བྲེལ་བ། གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་ནི་གུ་སྨྲ་བསམ་བརྗོད་འདས། དཔེ་བྲིས་འཛུབ་བཙུགས་མའི་ཉམས་ཁྲིད་གཅེར་སྟོན་ཞུས། བསྒོམ་ཆོས་ཀྱིས་ཕོངས་པའི་སྐབས་ཡིན་པས་སྟོར་བ་རྙེད་པ་ལྟ་བུའི་དགའ་སྤྲོ་བྱུང། བླ་མ་རིན་པོ་ཆེ་འཁོར་བཅས་ལ་དགོངས་བཞེད་ལྟར། ཚེ་དབང་སོགས་ལམ་གྱི་རྐྱེན་བསེལ་བྱིན་རླབས་སྒོ་དུ་མ་དང། རིན་པོ་ཆེ་པ་ཉིད་ལ་འབུལ་བ་གསེར་གྱི་མཎྜལ་མཚོན་པ་ཡང་ཕུལ། དབྱར་གྱི་དགག་དབྱེའི་མཐར་ཐུག། ལྗོངས་བརྒྱུད་ལ་རིག་བྱེད་ཀྱི་གཞུང་ལས་འབྱུང་བའི་གཾ་གའི་སྒོ་དང་ཀུ་ཤ་འཁྱིལ།
བིལ་བ་ཅན་དང་སྔོན་པོའི་རི༎
ཀ་ཎི་ཀ་ཡི་མཇུག་ངོགས་སུ༎
ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན༎
ཅེས་བཤད་པའི་ནང་ཚན། མུ་མུ་ཎི་ཀྵེ་ཏྲ་ཅེས་པ་གྲོལ་བའི་ཞིང། བརྟག་པ་གཉིས་པ་ལས།
ཞིང་ནི་མུ་མུ་ནིར་བཤད་དེ།
ཅེས་རྒྱུད་ཀྱིས་ཟིན་པའི་གནས་ཆེན། དིང་སང་ཟུར་ཆག་གི་སྐད། མུ་ཁུ་ཏ་ཀྵེ་ཏྲ་ཅེས་ཛོ་ཀི་རྣམས་སྨྲ་ཞིང། ཡོངས་གྲགས་ཤིང་སྡོང་བརྒྱ་རྩ་བརྒྱད། ཆུ་མིག་བརྒྱ་རྩ་བརྒྱད་དང་བཅས་པའི། འཕྲལ་བྱང་རྭ་སྒྲེ་ལས་ཀྱང་སེམས་འཛིན་པ། རྒྱ་གར་གྱི་རྒྱལ་པོ། བཙུན་མོ། སྲས། བློན་པོ་སོགས་ལོ་དུས་ཀྱི་ཁྲུས་ཀྱི་འཇུག་ངོགས་དེར། བྱ་དུས་བཏབ་ལྟར་འཚོག་ཅིང། སྦྱིན་གཏོང་རྒྱ་ཆེན་པོ་བྱེད་པ་ལ་བསྙགས་ནས། ཛོ་ཀི། ཛཾ་གཾ། ཨ་པ་དྷུ་ཏ། ཛམྦྷི། ཀཾ་ལི། ས་ཉཱ་ཤྲཱི། དྷརྨཱ་ཙཱ་རི། དྷི་གམྦྷ་ར། ཏེ་རིགས་ཐ་དད་པའི་རྣལ་འབྱོར་པ་དཔག་ཏུ་མེད་པ་འདུ་བའི་བསྟི་གནས་ག་ལ་བ་དེར་ཕྱིན་པས། དེ་ལོ་དེ་བུམ་རྭ་ཛ་འཁོར་བཅས་