[A:105]བགྲོད་པ་གཅིག་པའི་ལམ་མཆོག་ཏུ་གྱུར་པ་ཡང་བསྩལ་ཏེ། རང་ཉིད་ཀྱིས་བསགས་པའི་སྣང་ངོར་ཆོས་དྲུག་པོ་རེ་རེའི་ཁོངས་སུ་ཆོས་ལྷག་མ་ལྔ་ཀར་འདུ་བ་སོགས་ཀྱི་མྱོང་བའི་རི་མོ་རྣམ་པར་བཀྲ་བ་དང། དེ་ཉིད་ཀྱང་ལམ་གྱི་སྲོག་རྩ། བླ་མ་ཆོས་སྐུའི་མོས་གུས་གཅིག་པུ་པ་ཡིད་ལ་མི་བྱེད་པ་ཁོ་ནའི་དབྱིངས་སུ་འདྲིལ་བ་དང། དེ་རྩེ་གཅིག་སྤྲོས་བྲལ། རོ་གཅིག་སྒོམ་མེད་སོགས་རྣལ་འབྱོར་བཞི་གསུམ་བཅུ་གཉིས་སུ་བཤད་པའི། རོ་གཅིག་ཆེན་པོ་ཙམ་ནས་ནི། ཕྱི་རོལ་མུ་སྟེགས་ཀྱི་ལྟ་བསྒོམ་སྤྱོད་པ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོར་རོ་མཉམ་པ་ཉིད་དུ་འཆར་བས། མཐུན་པ་དང་མི་མཐུན་པའི་སྤྱད་པ་ཐམས་ཅད་འཇིག་པའི་བློ་འདས་ཀྱིས་འཚང་ཁྱད་པར་ཅན་ཡང་རིག་ཅིང། རས་མཚོར་འཇུག་ཀར་ཕག་མོ་ཕུར་ཞབས་ཅན་གྱི་མེ་དབང་ཡང་བསྩལ་ནས། རྒྱལ་གྱི་ཉ་ལ་རས་ཕུད་ཀྱི་ཕྱག་བཞེས་བར་ཆད་མེད་པར་མཐར་ཕྱིན་ཏེ། ཞག་ལྔ་བཅུ་རྩ་དྲུག་གི་བར་རྒྱུན་མ་ཆད་པའི་ཟབ་ཁྲིད་ཀྱི་བཀའ་དྲིན་མནོས། ཁམས་གསུམ་གྱི་རྭ་བ་ལས་ཡོངས་སུ་མི་འདའ་བའི་རྣམ་པར་རྟོག་པའི་ཉིད་འཕྲུལ་ཅན་གྱི་མཚན་བཅས་ཀྱི་རྫོགས་རིམ་དང་ཐུན་མོང་དུ་མ་གྱུར་པ་ཉིད་ཡིན་ནོ༎
དེང་སང་ལྕེ་བདེ་བ་ལ་ཉམས་མྱོང་བཟློས་ན་མཁའ་འགྲོ་མའི་བཀའ་ཆད་ཡོང་ཟེར་གྱི་འདུག་སྟེ། མཁའ་འགྲོ་མ་ལ་སོ་རྣོན་པོ་ཡོད་ན་གཟུང་བྱའི་ཉན་པ་པོ་ཕྱིར་ལུས་ཤིང། འཛིན་པའི་འཆད་པ་པོ་ནང་དུ་ལུས་པའི་གསང་སྒྲོགས་པ་རྣམས་ཀྱི་ཤ་ལ་ཟོ་ཞིག། སྟོང་གསལ་ནམ་མཁའི་རྣལ་འབྱོར་པ་ལ་ནི་མཁའ་འགྲོ་མས་ཅིག་ཀྱང་བྱ་རྒྱུ་མེད་པ་ཡིན་ནོ༎
རས་ཆོས་གྲོལ་མཚམས་སྐྱེར་སྒང་གི་གནས་མཇལ། སེང་གེ་བྲག་ཏུ་ཞག་བརྒྱད་ཙམ་གྱི་རིང་དེར་འདུས་ལ་