[A:106]འདོད་ཆོས་ཉིན་མཚན་སྦྲེལ་ནས་བཤད། སྔར་གྱི་ཇོ་མཇལ་དེ་སེམས་ཚིམས་པ་ཞིག་མ་བྱུང་པས། སླར་ལྷ་སར་ཕྱིན་གནས་སྐོར་ཞིབ་རྒྱས་བསམ་པ་རྫོགས་པར་བགྱིས་ཤིང། ཁྱད་པར་དངོས་གྲུབ་ཀྱི་རྩ་བར་གྱུར་པའི་མཆོག་གི་རྡོ་རྗེ་སློབ་དཔོན་སྙིང་གི་མེད་རྩེ་གཏོང་རྒྱུ་ཞིག་བཙལ་ལ། རྒྱུད་མ་ལུས་པའི་བླ་མ་དང་པོའི་སངས་རྒྱས་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་བཅས་པ་ཞུ་བའི་ཡུལ། དབུས་ནས་ལོ་པཎ་ཆེན་རྡོར་རྒྱལ་བ། བླ་མ་རིན་པོ་ཆེ་ཕྲ་རི་བ། ཆོས་རྗེ་མཁས་པའི་དབང་པོའི་དབོན། གཙང་ནས་ཇོ་ནང་མཁན་ཆེན་པ་ཀུན་དགའ་ལེགས་པ། ཏི་ཤྲི་རིན་པོ་ཆེ་སེས་རབ་བཀྲ་ཤིས། ལོ་ཆེན་རིན་ཆེན་བཟང་པོ་བདུན་ལ་ཟན་རིལ་ཇོ་བོའི་ཕྱག་ཏུ་ཕུལ་བས། ལན་གསུམ་བཏུད་མར་ལོ་ཆེན་ཉིད་བདག་གི་དངོས་གྲུབ་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་ཆེན་པོར་བསྙེམས་བྲལ་ཡིད་ཆེས་པར་ལུང་བསྟན་པ་ཅི་ནས་ཀྱང་མ་བརྗེད་པར་སྙིང་ལ་བཞག། ཡོལ་ཕུ་རི་གོང་གི་གནས་མཇལ་ལ་རྐང་གཏད་ཕྱིན། གཉན་སྟོན་སྦས་པའི་རྣལ་འབྱོར་གྱིས་བཞེངས་པར་བརྩམས་པའི་མགོན་པོ་རང་བྱོན་གྱི་དྲུང་དུ། སྔར་རང་ཡུལ་ནས་ཡོངས་དུས་ཀྱི་ཞེ་འདོད་ཀྱི་གཙོ་བོ་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་རྫོགས་པ་ཞིག་ཞུ་བའི་བླ་མ། རིན་པོ་ཆེ་རྒྱལ་བའི་འབྱུང་གནས། བ་བོམ་པ་དཀོན་མཆོག་འབྱུང་གནས། བྱ་རྒོད་པ་ཀུན་དགའ་རྒྱལ་མཚན། བྲག་ནག་པ་ཀུན་དགའ་རྒྱལ་མཚན། རིན་པོ་ཆེ་ལྕགས་པོ་རྩེ་བ། རྒྱལ་སྒོམ་ལེགས་པ་རྒྱལ་མཚན། གཟད་པ་དཔལ་ལྡན་བློ་གྲོས་རྣམས་ཀྱི་མཚན་སོ་སོ་ཟན་རིམ་དུ་བགྱིས་པས། ཐོག་མཐའ་གཉིས་ལ་རྒྱ་སྒོམ་དང། བར་དུ་ལྕགས་པོ་རྩེ་བ་ཐོན་བྱུང་བས། ཤངས་ཕྱོགས་ལ་ཆོས་ཞུ་དོན་གཉེར་ལ་ལམ་