[A:109]ཉིད་ལ་བཀའ་དྲུག་ཚང་བའི་ཡིད་ཆེས་ངོ་སྤྲོད། དམིགས་ཆེན་དམིགས་ཕྲན་སོ་སོར་ཕྱེ་ནས། རྩ་བའི་དམིགས་ཆེན་བཅུ་བདུན་དྲིལ་ཏེ་ལག་བཅངས་སུ་གཏོད་པའི་གསང་ལམ་ཉེར་བསྡུའི་བར་ལུང་གིས་རྒྱན་པ། ཚེ་དབང་འཇམ་དཔལ་ནཱ་ག་རཀྴའི་རྗེས་གནང། གཡའ་ཚན་གངས་ཚན་གྱི་བཅུད་ལེན་ཟུར་ཆོས་སུ་ཞུས། གདན་ཐོག་གཅིག་ཏུ་འདོད་དགུའི་གདམས་པ་ལྷུག་པར་ཐོབ་པས་སེམས་ལྷག་པར་ཚིམ་ཞིང་བཀའ་དྲིན་གྱི་ཡོན་རིན་པོ་ཆེའི་མཎྜལ། རྟེན་ཁེབས་བཟང་བསྒྲིགས་གསེར་མ། དབང་བཀའ་སོ་སོ་ལ་དར། གུ་གུལ་ལ་སོགས་པའི་སྨན་གང་རུང་རེ་ཕུལ་ཞིང། སྒྱུ་ལུས་ནད་ཀྱིས་རྩེས་པས་ཉམ་ཆུང་བར་ཡོད་ཀྱང། བླ་ལྷག་གི་དད་པས་བསྐུལ། མི་ནུས་བཞིན་དུ་ཕྱགས་ལྟབས་པ་སོགས་བླ་མ་དངོས་ལ་བསྟེན་ཚུལ་སྙིང་ནོན་པར་བགྱིས། ནི་གུའི་ཁྲིད་བརྒྱ་རྩ་བརྒྱད་འཆད་པའི་དམ་བཅའ་ཕུལ་བས། རྒྱ་སྒོམ་ཆེན་པོའི་ཞལ་ནས་བརྒྱ་རྩ་བརྒྱད་ཀྱི་མཐར་དངོས་གྲུབ་གྱི་ཕ་ཕོགས་ཆེན་པོ་འབྱུང་ཞེས་པའི་ལུང་བསྟན་གནང། ཞབས་སྤྱི་བོར་བླངས་པའི་གདུང་ཤུགས་ཀྱི་ངང་ནས་ཡོང་པས། འཕྲལ་བླ་མ་དང་བྲལ་བའི་སྐྱོ་ཤས་དང། ཕུགས་ལུས་ཟུངས་ངན་པའི་སྟབས་ནས་དྲན་པ་མེད་པ་ལྟ་བུས། ཡར་བལྟ་བ་སོགས་ཀྱི་སྤྲོས་པ་མ་བྱུང་བས། རྒྱ་བསྒོམ་ཆེན་པོའི་གསུང་ང་རོ་ཆེན་པོས་བོས་ནས། ཆོས་རྗེ་པ་ངེད་ལ་མི་གཟིགས་སམ་གསུང། བལྟས་པས་དབུ་དོམ་གྱིས་གཡོབ་པ་མཛད་ཀྱི་འདུག་ནའང། གཡབ་ལན་སོགས་ཀྱི་སྤྲོས་པ་མ་བྱུང་བས། དེའི་རྟེན་འབྲེལ་གྱིས་བླ་མ་བཀའ་དྲིན་ཅན་དེའི་ཞལ་ཕྱིས་ནས་མཐོང་བའི་སྐལ་བ་མ་བྱུང། ལུས་གཤེད་ལྷག་པར་ངན་པར་ཡོད་ཀྱང། སྔར་གྱི་ཡི་དམ་ལ་བརྟེན། རིམ་གྱིས་