R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༩
[A:༨༩]དང༌། ཁྱད་པར་དབང་གི་ཆུ་བོ་མ་ནུབ་པ་ལག་ལེན་དང་བཅས་པ་དང༌། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ངོ་སྤྲོད་དང་བཅས་པ་དང༌། གདམས་ངག་གི་སརྒ་མ་ལོག་པ་ལུང་སྦྱིན་དང་བཅས་པ་དང༌། མོས་གུས་ཀྱི་བསམ་པ་ཚིམ་པ་དྲོད་ཚད་དང་བཅས་པ་ཞུས་ཤིང་ནོས་ལ་མངོན་དུ་མཛད་པ་ཡིན་ནོ། །ཡང་ཆོས་ཀྱི་རྒྱལ་པོ་དེ་ཉིད་ལ་ཇོ་བོ་ན་རོ་ཏ་པའི་སྲས་ཀྱི་ཐུ་བོ་རྗེ་བཙུན་ཕ་ན་པིང་གུ་བའི་ཞབས་ལ་བཏུགས་པ་བླ་མ་ཆེན་པོ་མལ་གྱོ་ལོ་ཙཱ་བ་ཞེས་བྱ་བའི་གསུང་རབ། རྒྱལ་སྲས་དམ་པ་སྙིང་པོའི་ཞབས་ཀྱིས་མངོན་དུ་མཛད་པའི་རྒྱུད་ལ། དཔལ་ལྡན་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ། དཔལ་རྡོ་རྗེ་མཁའ་འགྲོ། ཧེ་རུ་ཀ་མངོན་པར་འབྱུང་བ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ། རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད། རྡོ་རྗེ་ཕག་མོ་མངོན་པར་འབྱུང་བ། མངོན་བརྗོད་བླ་མ། སམྦུ་ཊ་ཐུན་མོང་གི་བཤད་རྒྱུད་ཡིན་པས་འདིར་ཡང་བསྔོས་ན་བདུན་ཡོད། དེ་ལས་རྩ་རྒྱུད་ཀྱི་སྐོར་ལ་ནག་པོ་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་ཆོས་དྲུག །འགྲེལ་པ་སློབ་དཔོན་ཀམྤ་ལས་མཛད་པ་སྒྲུབ་ཐབས་ཀྱི་གླེང་གཞི། ལམ་གྱི་ཡན་ལག་རྡོ་རྗེ་མཁའ་འགྲོ་ལ་འགྲེལ་པ་བྷ་ཝ་མ། ཀུན་དུ་སྤྱོད་པའི་མན་ངག་ལ་ལོ་ཧི་པ་ལ་སོགས་པ་ཡན་ལག་ཉི་ཤུ་དང་བཅས་པ་གསན་ལ། རྒྱུད་སྡེའི་འགྲེལ་པ་གསན་མོད། ཅི་ནས་ཀྱང་གནད་ཆེ་བར་མ་གཟིགས་སོ་ཞེས་གསུངས་སོ། །སློབ་དཔོན་ལ་བ་པས་མཛད་པ་གཉིས་ཀའི་བཤད་སྦྱར། སློབ་དཔོན་དྲིལ་བུ་པའི་ཆོས་གསུམ། རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་གཉིས་དང༌། རྩ་དབུ་མའི་མན་ངག་དང༌། རྗེ་བཙུན་ན་རོ་ཏ་པ་ཉིད་ཀྱི་ཆོས་དྲུག་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་གདམས་ངག་ཐུན་མོང་དུ་གྲགས་པ་དང༌། མ་གྲགས་པ་ལ་སོགས་པའི་བར་དུ་དེ་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་ཡིན་ལ། བདེ་མཆོག་སྡོམ་པ་འབྱུང་བ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་གཉིས་མཁས་པ་ཆེན་པོ་རྒྱལ་བའི་སྡེ་ལས་