[A:༡༠༤]དམིགས་པ་དེ་རྣམས་ཀྱི་སྙིང་པོ་ལྟ་བུ་བྱང་ཆུབ་ལམ་གྱི་རིམ་པའི་སྨོན་ལམ་ཁྲིད་ཚུལ་ལྒོག་ཆོས་དང༌། ཚོགས་སུ་བཤད་པ་དང༌། ཁྲིད་ཀྱི་བར་ཐམས་ཅད་དང༌། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་བློ་སྦྱོང་ཞེས་བཏགས་པ་དེའི་ཁྲིད་ཚུལ་ལ་སོགས་པ་ཐུན་མོང་དུ་ཇི་ལྟར་གྲགས་པ་ཐམས་ཅད་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་མངའ་བ་མཐའ་དག་གསན་ཅིང༌། ཇོ་བོ་ཉིད་ཀྱི་གདམས་པ་དགེ་བཤེས་འབྲོམ་སྲོང་བཙན་ན་མགོ་བ་ནས་བརྒྱུད་པའི་སྐབས་བརྒྱད་སྟན་ཐོག་གཅིག་ཏུ་བསྒོམ་པའི་གདམས་ངག་དང༌། དེ་ལས་གཞན་གསང་སྔགས་ཀྱི་གཞུང་གི་གདམས་པ་དཔལ་གསང་བ་འདུས་པའི་གདམས་ངག་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་རིམ་ལྔ་སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་དང༌། རྗེ་བཙུན་ན་རོ་ཏ་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་ཆོས་དྲུག་ཅེས་གྲགས་པ་དང༌། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་དབུ་མ་ཆེན་པོ་དང༌། སྡུག་བསྔལ་ཞི་བྱེད་ཀྱི་གདམས་ངག་རྣམས་དང༌། རྫོགས་པ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་ཚུལ་གྱི་བྱེ་བྲག་ཤིན་ཏུ་མང་པོ་དང༌། ཐ་ན་གཅོད་ལ་སོགས་པའི་བར་ཏེ། གདམས་ངག་མཐའ་དག་དང༌། དེ་ལས་གཞན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲིན་ལས་དང༌། དངོས་གྲུབ་སྒྲུབ་པའི་ཐབས་ཇི་སྙེད་པ་མཐའ་དག་དང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཇོ་བོ་རྗེའི་ལུགས་ཀྱི་ཕྱག་བཞེས་དང་བཅས་པ་ཐོབ་ཅིང་མངོན་དུ་མཛད་པ་ཡིན་ནོ། །ཡང་སྔར་སྨོས་པའི་བསོད་སྙོམས་པ་ཆེན་པོ་དེ་ཉིད་ཀྱི་ཞབས་ལ་མངོན་པར་མཆོད་པའི་ཤར་ཕྱོགས་བྷ་རནྟའི་པཎྜི་ཏ། རྟོག་གེ་བ་ཆེན་པོ་དཱ་ན་ཤཱི་ལ་ཞེས་བྱ་བ་ལས། སྒྲའི་བསྟན་བཅོས་ཨ་མ་ར་ཀོ་ཥའི་ལེའུ་དང་པོ་ཡན་ཆད་ཀྱི་འགྲེལ་པ་གསན། ཚད་མ་ལ་འགྲེལ་པ་བརྟག་པ་རྩ་འགྲེལ། རྩོད་པའི་རིགས་པ་འགྲེལ་པ་དང་བཅས་པ་དང༌། ཚད་མ་རྣམ་པར་འགྲེལ་པའི་སྐབས་སྐབས་ནས་ཅུང་ཟད་གསན་ཅིང་གཏུགས་པ་ཙམ་བྱས། ཛྙཱ་ན་ཤྲཱིའི་རབ་ཏུ་བྱེད་པ་ཕྲ་མོ་འགའ་གསན། སློབ་དཔོན་དགྲ་ལས་རྒྱལ་བའི་བྱིས་པ་འཇུག་པའི་རབ་ཏུ་བྱེད་པ་དང༌།