[A:༡༠༥] ལྷན་ཅིག་དམིགས་ངེས་ཀྱི་རབ་ཏུ་བྱེད་པ་གསན། གཞན་ཆོས་ཕྲ་མོ་འགའ་ཙམ་བསྒྱུར་བ་ཡིན་ནོ་ཞེས་རྟོགས་སོ། །དེས་ན་དེང་སང་མཁས་པ་རྣམས་ལ་ཇི་ལྟར་གྲགས་ཤིང་བསྔགས་པ་དེ་ཐམས་ཅད་མངོན་དུ་མཛད་ནས་གཞན་ལ་གདམས་པ། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌། །དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་ལེགས་པར་སྦྱངས་ཞེས་གསུངས། །ཞེས་གདམས་ཏེ། སྦྱང་ཚུལ་དགོས་པ་དང་བཅས་པ་མདོ་སྡེ་རྒྱན་ལས་སོ། །དེ་ལྟར་ན་དེ་དག་གིས་ནི་བདག་ཅག་གི་སྟོན་པ་འདིས་གང་ཞིག་མངོན་དུ་མཛད་པའི་ཤེས་བྱའི་གནས་མདོ་ཙམ་ཞིག་བརྗོད་ནས། ད་ནི་དེའི་ཕྲིན་ལས་ཀྱི་བྱེ་བྲག་ཅུང་ཟད་སྨོས་ན། སྔོན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བསམ་གྱིས་མི་ཁྱབ་པ་ཐུབ་པའི་དུས་སུ་བྱུང་བ། ཐུབ་པ་ཆེན་པོ་སེར་སྐྱ་དང༌། དྲང་སྲོང་རྒྱས་པ་དང༌། གཟེགས་ཟན་ལ་སོགས་པའི་རྗེས་སུ་འབྲང་བ་གྲངས་ཅན་དང༌། རིག་བྱེད་པ་དང༌། རིགས་པ་ཅན་ཞེས་གྲགས་ཤིང༌། དབང་ཕྱུག་དང༌། ཚངས་པ་དང༌། ཉི་མོ་ལོང་བ་དང༌། ནོར་ལྷའི་བུ་དང༌། བྱིན་ཟ་ལ་སོགས་པ་མགུ་བ། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཀུན་ཏུ་རྒྱུ་ཞིང་རྣམ་པར་འཕྱན་པ། འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་སྟོན་པ་དྲུག་གིས་དམ་བཅས་པ་ནི། ཡུ་བུ་ཅག་ཁ་བ་ཅན་གྱི་ལྗོངས་སུ་སོང་ལ། དེ་ན་གནས་པའི་སྐྱེ་བོ་གཽ་ཏ་མའི་དགེ་སྦྱོང་དུ་ཁས་འཆེ་བ། བུད་མེད་ཀྱི་བརྟུལ་ཞུགས་འཛིན་ཞིང་ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ་དག་བཟློག་པར་བྱའོ་ཞེས་གླེངས་ཏེ་མཐར་གྱིས་སོང་བ་དང༌། བདག་གི་བླ་མ་རྒོལ་བ་ངན་པའི་ཁྱུ་མཆོག་གི་སྤྱི་གཙུག་རྣམ་པར་གནོན་པའི་སེང་གེ་འདི་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་ལས་བྱང་ཕྱོགས་སུ་དཔག་ཚད་དྲུག་བགྲོད་པ་ན། མང་ཡུལ་སྐྱིད་རོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་འདབ་འབྱོར་བའི་ཚོང་འདུས་ཀྱི་གྲོང་ན་བཞུགས་པའི་ཚེ། སྔར་སྨོས་པའི་སྟོན་པ་དྲུག་པོ་དེར་ལྷགས་པ་ན། དེ་ཐམས་