R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༠བ
[A:༥༠བ] ལྷའི་བུ་ཚུལ་ཁྲིམས་ལྡན་ཞེས་འགྱུར་བར་གསུངས་སོ། དེའི་སྲོལ་འཛིན་བྱོན་ཚུལ་ལ་གསུམ། ར་སྒྲེང་དུ་བྱོན་ཚུལ། སྐུ་མཆེད་གསུམ་བྱོན་ཚུལ། དེ་ལས་འཕྲོས་པ་བྱོན་ཚུལ་ལོ། དང་པོ་ནི། རྣལ་འབྱོར་པ་ཆེན་པོ་སྟོན་པ་ཡང་ལོ་དགུ་བསྟེན། ར་སྒྲེང་གི་གདན་ས་ལོ་བཅུ་གཉིས་མཛད་པའི་རིང་དགོན་པ་གོང་ནས་ཕྱིར་བྱོན། ད་ལྟ་དབུ་རྩེ་ཀ་བ་བཅུ་དྲུག་མའི་ས་དེར་གཟིམས་ཆུང་མཛད། དེ་དུས་ཞང་འཕྲང་ཁ་བེར་ཆུང་གི་སྲས། དགྲ་བཅོམ། དེའི་སྲས་དར་མ་ཡེ་ཤེས་ཀྱིས། ཀ་གཉིས་མའི་ཁྱམས་སྨད། ཁྱམས་ཆུང་ནག་ཚང་གསུམ་མཛད་དེ། རབ་གནས་རྣལ་འབྱོར་པ་ཆེན་པོས་མཛད། ས་ཏྲ་མང་དུ་གཙུགས། གདུལ་བྱ་དུ་མ་སྨིན་པར་མཛད་དེ། དགེ་འདུན་སུམ་བརྒྱ་ཙམ་འདུས། དྲུག་བཅུ་རྩ་གཉིས་པ་འབྲུག་ལོ་རྒྱལ་ཟླ་བའི་ཚེས་བརྒྱད་ལ་ར་སྒྲེང་ནས་ཐེགས། དཔེ་ལ་ལར། རྟ་ལོ་ས་ཡོས་ལ་ཐེགས་པས་བདུན་བཅུ་ཐམ་པ་བཞུགས་ཟེར་བ་ཡང་སྣང་ངོ། དེ་ནས་དཔལ་ལྡན་དགོན་པ་བ་གདན་སར་བསྐོས། སྟོན་པ་ལོ་དགུ་བསྟེན། རྣལ་འབྱོར་པ་དང་འདྲ། ར་སྒྲེང་གི་གདན་ས་ལོ་བཅུ་མཛད། དགོན་པ་གོང་མ་རང་དུ་བཞུགས་ནས་སྣེའུ་ཟུར་པ་ལ་སོགས་པའི་སློབ་མ་མང་དུ་སྨིན་པར་མཛད་དེ། དྲུག་བཅུ་རྩ་བདུན་པ་ཁྱི་ལོའི་མངོན་བར་བྱང་ཆུབ་པའི་ཉ་ལ་ར་སྒྲེང་ནས་ཐེགས། དགོན་པ་བ་ལ་སློབ་མ་མང་དུ་བྱོན་པའི་མཆོག་བུ་ཆེན། རྒྱུ་ནི་རླུང་ཤོད་རྒྱུག་པའི་ཞང་ཀ་མ་བ་ཤེས་རབ་འོད། ཁ་རག་སྒོམ་ཆུང། རོག་ཕྱོར་ཕུ་བ་སྨྲ་བའི་སེང་གེ། མཐའ་བཞི་སྒོམ་པ། འཕན་ཡུལ་རྒྱལ་དུ་གཉན་སྣ་མོ་བ་དང། འབྲེ་ཀོ་ཏེ་ལུང་པ་ཚུལ་ཁྲིམས་རྒྱལ། དར་ཡུལ་དུ་ཆུ་སྒོམ་གཞོན་ནུ་སྙིང་པོ་དང། འཚུར་སྒོམ་ཡེ་ཤེས་རྒྱལ་མཚན་གཉིས། འཕན་ཡུལ་སྙ་ར་དབེན་མོར་འགར་འདུལ་འཛིན། སྤྲས་ཐོང་པ་སར་སྣེའུ་ཟུར་པ་རྣམས་སོ། དེ་རྣམས་ཀྱི་ནང་ནས་