[A:༥༡ན] ཆོས་བརྒྱུད་འཛིན་པའི་མཆོག་སྣེའུ་ཟུར་པ་ཡིན་ཏེ་ཅུང་ཟད་འོག་ཏུ་འཆད་དོ། དེ་རྣམས་རྣལ་འབྱོར་པ་དང་ཐུན་མོང་བའི་སློབ་མ་ཡིན་ཀྱང་དགོན་པ་བའི་བུ་ཆེན་དུ་དྲངས་སོང་ཁ་རག་སྒོམ་ཆུང་ནི་གཙང་དུ་སྐུ་འཁྲུངས། ལམ་པོ་གནས་སུ་མཁན་པོ་མར་སྒོམ་ལ་རབ་ཏུ་བྱུང་སྟེ། མཚན་དབང་ཕྱུག་བློ་གྲོས་སུ་བཏགས། དང་པོར་སྦས་སྒོམ་བསོད་ནམས་རྒྱལ་མཚན་
ཡེ་ཤེས་ཡང་ཟེར་
བྱ་བ་ཇོ་བོའི་སློབ་མ་གཅིག་ལ་ཆོས་གསན། དེ་ནས་ར་སྒྲེང་དུ་བྱོན་ལོོ་དྲུག་བཞུགས་ནས་རྣལ་འབྱོར་པ་དང། དགོན་པ་བ་གཉིས་ལ་ཆོས་མང་དུ་གསན། གཙང་བུའི་ཐུགས་དགོངས་ལ་ད་ནི་རང་གིས་ཀྱང་ཆིག་ཀྱ་ཐུབ་ཟེར་འོང་སྙམ་སྟེ། ཉུང་མའི་ས་བོན་ཕུལ་གང་ཁྱེར་ནས་སྤྲགས་ཀྱི་སྨེའུ་ཀེ་རུར་བྱོན། དབྱར་ལོ་ཐུག་གསོལ། དགུན་ཉུང་ཐུག་ལ་ཕྱེད་ཐུན་རེ་བཏབ་ནས་གསོལ་ཀྱིན་ལོ་བཅུ་གཅིག་ཏུ་སྒྲུབ་པ་རྩེ་གཅིག་མཛད། དེ་ནས་ཁ་རག་ཏུ་བྱོན་ནས་སྒྲུབ་པ་མཛད་པས་ཁ་རག་སྒོམ་ཆུང་དུ་གྲགས། ཁ་གཅིག་མཐོ་ཆོས་དང་ཨང་ཡིག་བདུན་བཅུ་རྣམས་སྤྲགས་སུ་མཛད་ཟེེར་ཏེ། རྣམ་ཐར་ན་ཁ་རག་ཤར་དུ་མཛད་གསུང་ངོ། འདིས་རྣལ་འབྱོར་པ་གོང་འོག་གི་གསུང་ལ་བརྟེན་ཏེ། ལམ་རིམ་དོན་ཚན་བཅུ་གཉིས་སུ་བསྡུས་པ་མཛད་དེ། ཁ་རག་སྐོར་གསུམ་དུ་གྲགས་པའི་གཅིག་གི་རྩ་བ་ཡིན་ནོ། བདུན་བཅུ་རྩ་ལྔ་པ་ལ་གཙང་གི་ཕུག་ནག་པོ་བྱ་བར་སྐུ་གཤེགས་ཁར། ལོ་པ་ལ། སྐྱེས་པའི་ཡུལ་སྤོངས། ཉེ་དུ་དང་ཐག་བསྲིངས། བཤེས་གཉེན་རྟག་ཏུ་བསྟེན། ཁྲུལ་ཧྲུལ་པོའི་གོས་གྱོན། དམན་པའི་ས་བཟུང། ངན་པའི་ཟས་ཟོ། རྒྱ་སྐད་ཆུ་བཞིན་དུ་འཐུང་ལ་སྒྲུབ་པ་གྱིས་གསུང་བའི་གདམས་ངག་གནང་སྟེ། རུས་པ་ལྷག་རོལ་བསྡུས་ལ། བྱང་ར་སྒྲེང་ན་དཔལ་ལྡན་དགོན་པ་བའི་སྐུ་འབུམ་ཡོད་པས། དེའི་གྲིབ་མ་དང་སེར་བུ་འཕོག་སར་བསྐྱོལ་ཞིག་གསུང་སྟེ། དེ་ལྟར་བྱས་སོ།