[A:༥༡བ] དེ་ནས་ར་སྒྲེང་དུ་དཔལ་ལྡན་དགོན་པ་བའི་རྗེས་སུ་སྤོ་ཏོ་བས་གདན་ས་ལོ་གསུམ་མམ་གཅིག་མཛད་ཀྱང་ཟེར་ཏེ་ཞང་ཆོས་རྒྱལ་ལ་སོགས་པ་ཁམས་པ་མ་རུངས་པ་འགའ་ཞིག་གིས་བཞུགས་དབང་མ་བྱུང་བ་དང། སྤོ་ཏོ་བ་རང་གི་རྣལ་ལམ་དུ་ཡང་ཞིང་པ་མ་དུལ་བ་སོགས་བྱུང་བས། དེར་མ་བཞུགས་པར་སྐུ་མཆེད་གསུམ་པོས་དཀའ་ཐུབ་ཀྱི་རི་སུལ་རྣམས་སུ་དྲང་སྲོང་གི་སྤྱོད་ཚུལ་གྱིས། གནས་ངེས་མེད་དུ་ཐུགས་དམ་དང་གཞན་ཕན་གང་འཕེལ་མཛད་པས། ར་སྒྲེང་དུ་གདན་ས་ལ་བར་སྟོངས་ལོ་སུམ་བཅུ་ཙམ་དང། ཆོས་ཚུགས་ལ་ཡང་དར་རྒུད་ཆེར་བྱུང། དེ་ནས་སྐུ་མཆེད་གསུམ་གཤེགས་ནས་ལོ་གཅིག་གཉིས་ན་མཐའ་བཞི་སྒོམ་པ་བྱ་བ་སྟོན་པ་ལ་ཡང་ཐུག་ཅིང། སྐུ་མཆེད་གསུམ་གྱི་སློབ་མ་ཡིན་པ་ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཤིང། གཞན་དོན་ཕྲིན་ལས་ལ་དབང་འབྱོར་བ་དེས། བླ་མའི་གདན་ས་ཉམས་པའི་གཏམ་གསན་པས། ར་སྒྲེང་དུ་བྱོན་གནས་ཚུལ་རྣམས་གཟིགས་ཏེ། ཤར་བ་པ་བཞོའི་ཁང་པ་གནས་ན་བཞུགས་པ་དང། བྱ་ཡུལ་བ་ཆེན་པོ། གླང་རི་ཐང་པ། ཀ་མ་བ། ལོར་སྡིངས་པོ་བ་རྣམས་ཀྱི་དྲུང་དུ་བྱོན་ནས། ཁྱེད་རྣམས་བླ་མའི་གདན་ས་ལ་ཕྱི་མིག་བལྟ་ན་དུས་ལ་བབ་ནས་འདུག་གསུང་སྟེ་བསྐུལ་བས། དེ་རྣམས་ཀྱིས་གྲོགས་མཛད། འབུལ་བ་ཆེན་པོ་བྱུང་སྟེ་པ་ཏྲ་ཡང་མང་དུ་གཙུགས། བུད་མེད་དང་ར་ལུག་རྣམས་ཕུད། ཆོས་ཁྲིམས་ཤིན་དུ་དམ་པ་དང། དགེ་འདུན་མང་པོ་ཡང་བཞུགས་པར་མཛད་དེ། ཆོས་སྲོལ་ཆེར་གཙུགས། ཚོགས་དཔོན་བཤེས་གཉེན་མཐའ་བཞིས་ལོ་ཤས་སུ་མཛད་དོ། ཁྱད་པར་ཤར་བ་པས་ཀ་གཉིས་མའི་ནུབ་ཏུ་དབུ་རྩེ་ཀ་དགུ་མ་གཅིག་དང་པོར་བཞེངས་པ། ཕྱིས་དཔོན་གྱད་པ་དང། ཟི་གུ་ཆོས་གྲགས་གཉིས་ཀྱིས་མགོ་བྱས་བཟང་འདུས་བཅུ་དྲུག་བྱ་བས་བདག་རྐྱེན་བྱས་ནས། ཀ་ཆེན་