[A:༥༢བ] ཁྱམས་སྨད་ཙོང་ཁ་ཤཱཀ་འབྱུང་གིས་བཞེངས། དེ་རྣམས་ཀྱི་རབ་ཏུ་གནས་པ་སངས་རྒྱས་དབོན་སྟོན་གྱིས་མཛད་དོ། ཞང་འོད་འཇོ་བོ་གཤེགས་ཀར། དགོན་པ་དང་གདན་ས་འོད་འཇོ་ལ་གཏད་ཀྱང། ར་སྒྲེང་པ་
བཤགས་
རྣམས་ཀྱིས་མ་ཕུལ་བས། སྒང་ཐང་དཀར་བས། ཐང་དཀར་དང་། ར་སྒྲེང་སྦྲེལ་ནས་ལོ་ཉི་ཤུ་རྩ་དགུ་གདན་ས་མཛད་དེ། ཆུ་ཕོ་བྱ་ལ་ཐེགས། དེ་རྗེས་སྔར་གྱི་འབྲེལ་པོས་ཞང་འོད་འཇོ་བའི་སློབ་མ་དགོན་འོད་འཇོ་བ་ཡང་ཟེར། ཞོགས་པ་ཆེན་པོར་གྲགས་པ་དེས་གདན་ས་ལོ་བཅུ་དྲུག་མཛད། དེ་ནས་སྒང་ཐང་དཀར་བའི་རྗེས་ལ་གཉིས་སུ་གྱེས་པས། དགོན་གོང་འོག་གཉིས་སུ་གྲགས་པར་འདུག་ལ། ཕྱིས་བརྒྱུད་པས་འཛིན་པ་འདི་གཉིས་གོང་དུ་སྨོས་པ་རྣམས་དང། གདུང་རུས་གཅིག་པར་མི་འདུག་ཅིང། དགོན་འོག་མ་བའི་བརྒྱུད་པས་བཟུང་ནས་མཁན་ཆེན་ནམ་མཁའ་རྒྱལ་མཚན་སོགས་རིམ་པ་གསུམ་ཙམ་སོང་ལ། དགོན་གོང་མ་བའི་བརྒྱུད་པ་ནི་མ་ཐོས་སོ། ཕྱིས་ཀ་གཉིས་མ་ལ་འབྱུང་བའི་གནོད་པ་བྱུང་ནས། བྱ་བཏང་རིན་ཆེན་བཟང་པོ་དང། བདག་གི་བླ་མ་འཇམ་དབྱངས་རིན་ཆེན་གྲགས་པ་གཉིས་ཀྱིས་ལེགས་པར་བསབས་པའི་ཚུལ་ཐོས་མོད་འདིར་མ་སྤྲོས་སོ། གཉིས་པ་སྐུ་མཆེད་རིན་པོ་ཆེ་གསུམ་བྱོན་ཚུལ་ནི། དེ་ལྟར་བཤེས་གཉེན་སྟོན་པས་ར་སྒྲེང་དུ་བཀའ་གདམས་ཀྱི་ཆོས་སྲོལ་རྣམ་པར་དག་པ་གཙུགས་ཏེ་བཞུགས་པའི་དུས་སུ། འཕགས་པ་སྐུ་མཆེད་གསུམ་གྱིས་བྱོན། ཚུལ་བཞིན་དུ་བསྟེན་ཏེ་ཡོན་ཏན་རྣམས་རྫོགས་པར་མཛད་དོ། དེ་ཡང་བཤེས་གཉེན་ཕུ་ཆུང་པ་ནི། རྒྱལ་གྱི་ཀྱི་རའི་ཕུ་ཆུང་དུ་ལྕགས་མོ་ལུག་ལ་འཁྲུངས། རུས་ཟུར་ཚངས། ཡབ་ཡུམ་འབྱོར་པ་ཆུང་ཡང་གསེར་ཞོ་དོ་བསྣམས་ནས། རྒྱལ་ལྷ་ཁང་དུ་ཞང་ཆེན་པོ་ལ་རབ་ཏུ་བྱུང་སྟེ། མཚན་གཞོན་ནུ་རྒྱལ་མཚན་དུ་བཏགས། ཁུ་སྟོན་ལ་ཕར་ཕྱིན་འགྲེལ་པ་དོན་གསལ་ཚར་བཅུ་བཅོ་ལྔ་དང། འདུལ་མངོན་ལ་སོགས་པ་