R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༥ན
[A:༥༥ན] སྔར་གྱི་ཆོས་རའི་ས་ལ་ཁྱམས་ཀ་བ་ཉི་ཤུ་རྩ་ལྔ་ཡོད་པ་བཞེངས་སོ། སྔོན་གྱི་གཏམ་བརྒྱུད་ལ། སྤོ་ཏོའི་སྒོ་ལ་སུས་འཛུལ་རྒྱལ། སྡིང་མའི་ཆུ་ལ་སུས་འཐུང་རྒྱལ། ཟེར་བ་ལ། ཁ་གཅིག་སྤོ་ཏོའི་སྒོ་སྟེངས་སུ་སྡིངས་མ་བའི་གཟིམས་ས་མཛད་པས་ཟེར་ཀྱང། སྤོ་ཏོ་བ་ཆོས་གསུང་བའི་སྒོ་ནང་དུ་སུ་ཚུད་རྒྱལ་ཟེར་བའི་དོན་ཡིན་གསུང། རྒྱས་པར་དོན་དུ་གཉེར་ན་རྣམ་ཐར་ཆེ་ཆུང་གཉིས་འདུག་པར་བལྟའོ། འདི་ལ་སློབ་མའི་མཆོག་བཀའ་བབས་བརྒྱད་ལ་སོགས་པ་བཀའ་གདམས་གཞུང་པའི་སྲོལ་འཛིན་བྱོན་ཚུལ་འོག་ཏུ་འཆད་དོ། གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་པ་ནི། འཁྲུངས་ཡུལ་ཉན་གྱི་སྣང་ར་སྒང་། གདུང་རུས་དབས། ཡབ་ཤཱཀྱ་རྡོ་རྗེ། ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་ལྕགས་མོ་བྱ་ལ་འཁྲུངས། མཚན་སྟག་ཚབ་འབར་ཟེར། བྱིས་པའི་དུས་སུ་ཡུམ་གྱིས་དཔང་དུ་ཁྱེར་ནས། གྲོང་འདུལ་བ་བྱ་བ་ལ་ཕུང་པོ་ལྔའི་རབ་བྱེད་གསན་པས། ཕུང་པོ་འདི་ལྔར་འབྱེད་ཚོད་ཀྱིས་མཐར་སྟོང་པ་ཉིད་དུ་འདུག་སྙམ་དུ། རང་བཞིན་མེད་པའི་དོན་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་ལ་གོང་མོ་སྒང་པ་བྱ་བ་རང་བཞིན་གྱི་རྣལ་འབྱོར་མ་གཅིག་བྱོན། རྫོགས་རིམ་ཟབ་པ་གཅིག་གནང་ནས། འདི་བསྒོམས་གསུང་སྟེ་མི་སྣང་བར་གྱུར། ཕྱིས་དེའི་སྟེང་དུ་སླེབ་པ་དཔལ་ལྡན་དགོན་པ་བས་གནང་བ་དེ་མིན་པ་མ་བྱུང་གསུང། བཅུ་བཅོ་བརྒྱད་པ་ལ་སྟོད་ལུངས་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་ལ་རབ་བྱུང་ཞུས། མཚན་ཚུལ་ཁྲིམས་འབར་དུ་བཏགས་དེར་ཡུམ་གྱི་རྨི་ལམ་དུ་དུང་དཀར་གཅིག་བུས་པས་ཛམ་འཛམ་བུ་གླིང་པ་བྱིན་གྱིས་ཐོས་པ་གཅིག་བྱུང་བས། ངའི་བུ་དེ་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་གཅིག་འོང་བར་འདུག་ཟེར། སློབ་གཉེར་མཛད་དུས་