[A:༥༨ན] ཚུལ་ལ་གཉིས། སྤོ་ཏོ་བ་ནས་བརྒྱུད་པ་བཀའ་གདམས་གཞུང་པའི་སློབ་མ་
བྱོན་
ཚུལ། སྤྱན་སྔ་བ་ནས་བརྒྱུད་པ་བཀའ་གདམས་གདམས་ངག་པའི་སློབ་མ་བྱོན་ཚུལ་ལོ། དང་པོ་ནི། སྤོ་ཏོ་བ་ལ་སྤྱིར་སློབ་མ་མང་དུ་བྱོན་ཀྱང་གྲགས་ཆེ་བ་མཐའི་ཀ་ཆེན་བརྒྱད་། དབུས་ཀྱི་ཉི་ཟླ་ཟུང་གཅིག་ཅེས་པ་ལྟར་ན། གཙང་དུ་རམ་སྣང་གཉིས། གཉལ་དུ་གླང་གཉོས་གཉིས། དོལ་དུ་འབེ་དོག་གཉིས། ཁམས་སུ་བྱ་ཕག་གཉིས། དབུས་སུ་གླང་ཤར་གཉིས་རྣམས་ཡིན་ལ། བཀའ་བབས་བརྒྱད་དུ་བྱེད་ན། བྱ་ཕག་གཉིས་མི་འདྲེན་པར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་ནུས་པའི་བཀའ། གླང་རི་ཐང་པ་རྡོ་རྗེ་སེང་གེ་ལ་བབས། བཀའ་འགྱུར་རོ་ཅོག་ལ་གཞུང་བཤད་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་པ་འདྲ་བ་ཡོད་པའི་བཀའ། ཤར་བ་པ་ཡོན་ཏན་གྲགས་ལ་བབས། གསུང་རབ་ཐམས་ཅད་སྐྱེས་བུ་གསུམ་གྱི་གདམས་ངག་ཏུ་དྲིལ་ནས་སྨན་པ་མཁས་པས་ནད་བརྟགས་ཏེ་ནད་ཐོག་ཏུ་སྨན་གཏོང་བ་འདྲ་བ་ཡོད་པའི་བཀའ། སྣང་རྡེའུ་ལྷས་པ་ཡེ་ཤེས་རྒྱལ་མཚན་ལ་བབས། སྟོང་ཉིད་ཀྱི་ལྟ་བས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇིག་ནུས་པ་ཡོད་པའི་བཀའ། རམ་སྡིང་མ་བ་འབྱུང་གནས་རྡོ་རྗེ་ལ་བབས། རྩོད་པ་པཎྜི་ཏའི་རྒོལ་བ་ཡང་བཟློག་ནུས་པ་ཡོད་པའི་བཀའ། དོལ་པ་ཤེས་རབ་རྒྱ་མཚོ་ལ་བབས། བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་རྒྱུན་ཆད་མེད་
པ་ཡོད་པའི་བཀའ། གཉལ་པ་ཆོས་འབར་ལ་བབས། དང་ཚུགས་མཆོག་ཟུང་གཅིག་ལ་འགྲན་ནུས་པ་ཡོད་པའི་བཀའ། གྲས་པ་གཞོན་ནུ་འོད་ གྲས་པ་ཡོན་ཏན་འོད་ཡང་ཟེར་
ལ་བབས། རྒྱུན་དུ་དཀོན་མཆོག་གི་དྲུང་དུ་མཆོད་པ་བཀྲ་ལམ་མེ་བ་འབུལ་བ་ཡོད་པའི་བཀའ། དགེ་བཤེས་བྲག་དཀར་བ་ལ་བབས་སོ། དེ་ཡང་གླང་རི་ཐང་པ་ནི། འཁྲུངས་ས་འཕན་ཡུལ་གཉའ་གོང་གསེར་མ་བཤོངས།