R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༥༩ན
[A:༥༩ན] ཀྱི་སེམས་ཁོ་ན་ལ་གཙོ་བོར་མཛད་དེ། ཁོ་བོས་རླུང་ཐ་མལ་དུ་གཏོང་མ་མྱོང་གསུང། ཞལ་བཞུགས་རིན་རིང་གླང་ཐང་གི་ལྕགས་རིའི་ནང་དུ་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་འཚེ་བར་གྲགས། དགུང་ལོ་བདུན་བཅུ་པ་ཆུ་མོ་ཡོས་ཀྱི་ས་ག་ཟླ་བ་ལ་དཔེའི་ཆོས་ལུང་དུ་སྐུ་གཤེགས། རྒྱ་ལྕགས་རི་གོང་ཁ་བ་བྱང་ཆུབ་དཔལ་ནི། ཁམས་སུ་གླང་རི་ཐང་པའི་སྙན་པ་ཐོས་པས། དབུས་སུ་ཆོས་ལ་འབྱོན་པའི་འདུན་པ་ཡོད་པ། སྲིན་མོ་ཞིག་གི་གནོད་པས། ལོ་ངོ་དྲུག་འདས། ཁོང་རང་ཡང་སྔགས་ཀྱིས་བཅིངས་ཏེ་ཁྱིའི་ལུས་སུ་བསྒྱུར་ཡང། གླང་རི་ཐང་པ་དང་མཇལ་བར་འགྲོན་པོའི་ཕྱི་ལ་ཡོངས། སྲིན་མོས་མནན་དུ་སླེབས་པ་ན། གླང་རི་ཐང་པས་མཁྱེན་པས་དེར་བྱོན་བགེགས་བསྐྲད། གཏོར་མས་བྱིན་གྱིས་བརླབས་པས་མིའི་ལུས་སུ་གྱུར། སྟོང་ཉིད་སྙིང་རྗེ་ཐུགས་སུ་ཆུད་དེ་སློབ་མའི་མཆོག་ཏུ་གྱུར། ཇོ་བོའི་སློབ་མ་བཤེས་གཉེན་བལ་བོ་བས་བཏབ་པའི་ལྕགས་རི་གོང་ཁར་བཞུགས་པས་རྒྱ་ལྕགས་རི་བར་གྲགས་སོ། གཞན་ཡང་སློབ་མ་ཆེ་བ་དགེ་བཤེས་ལྕགས་ཞིང་པ། ཁྱུང་པོ་རྣལ་འབྱོར། ར་ལོ་ཙཱ་བ། གཉན་ཆེན་པོ་ཞང་ཞུང། མདོ་སྡེ་ལ་སོགས་བྱོན་ལ། གདན་ས་ཤ་བས་གླང་ཐང་དང་ཤར་བ་སྦྲེལ་ནས། དགེ་འདུན་སུམ་སྟོང་ཙམ་འདུས། དེ་ནས་གདན་ས་ཞང་ཞུང་པས་མཛད། མཆོད་རྟེན་ཆེན་མོ་དྲང་སྲོང་གིས་བསྐུལ་ཏེ་བཞེངས་ཏེ་བཞེངས་ཚུལ་དང་། བར་དུ་རིན་ཆེན་སྒང་པས་བདག་བྱས་པ་སོགས་རྒྱས་པར་མ་སྤྲོས་སོ། ཞང་ཤར་བ་པ་ཆེན་པོ་ནི། པ་ཚབ་དོམ་པོའི་རྒྱུད་དུ་ལྕགས་ཁྱི་ལ། ཡུམ་ཕྱུགས་བསྐྱོང་བའི་དུས། རྡོ་ལེབ་སྟེང་དུ་འཁྲུངས་ཏེ། དེ་ལ་ཞབས་རྗེས་ཀྱང་བྱོན། དགུང་ལོ་བཅུ་བཅོ་བརྒྱད་པ་ལ་ཀླུ་ཤོད་ཕྱོར་བར་བྲོས་ཏེ་རབ་ཏུ་བྱུང། མཚན་ཡོན་ཏན་གྲགས་སུ་བཏགས། དེ་ནས་སྤྱན་སྔ་བ་ཕྱོར་ཕུར་སྐུ་མཚམས་