[A:༥༩བ] མཛད་པའི་སར་མཇལ། ཟླ་བ་བཞི་མཚམས་ཁྲོད་དུ་བཞུགས་ཏེ་ཆོས་གསན། ད་ངའི་གྲོགས་པོའི་རྩར་བརྒྱུགས་གསུང་བས་སྟག་ལུང་དུ་སྤོ་ཏོ་བའི་སྤྱན་སྔར་བྱོན། གྲ་གྲྭ་པ་ལོ་དགུ། ནང་མི་ལོ་དགུ་སྟེ་བཅུ་བཅོ་བརྒྱད་བསྟེན། ཞར་ལ་ཕུ་ཆུང་པ་དང། སྤྱན་སྔ་བ་ལ་ཡང་འདོད་ཆོས་རྫོགས་པར་གསན། སྤོ་ཏོ་བ་གཤེགས་ནས་ཡོན་ཏན་གྱི་རྗེས་སུ་འབྲང་བའི་འཁོར་རྣམས་དང་ལྷན་ཅིག་ཀླུང་ཤོད་དུ་བྱོན་ཏེ་ཚོགས་པ་བསྡུས། དེ་ནས་གནས་ངེས་མེད་དུ་འཆད་ཉན་མཛད་པས། གྲ་གྲྭ་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས། དེ་རྣམས་ཕལ་ཆེར་ཆོས་དོན་གཉེར་ཤ་སྟག་གོ། དེ་ཡང་བཤེས་གཉེན་སྟོན་པ། རྣལ་འབྱོར་པ། དགོན་པ་བ། སྐུ་མཆེད་གསུམ། སྣེའུ་ཟུར་པ། ཤར་བ་པ་རྣམས་ལ་བཀའ་གདམས་ཞལ་བརྒྱད་དུ་གྲགས་སོ། སྣང་དྲེན་ལྷས་པའི་རྣམ་ཐར་མ་མཐོང་ཞིང། རམ་སྡིང་མ་བ་འབྱུང་གནས་རྡོ་རྗེའི་རྣམ་ཐར་ཆེ་ཆུང་གསུམ་འདུག་པའི་སྐྱེ་བ་བཅུ་དྲུག་པའི་རྣམ་ཐར་དུ། བདག་ཉིད་ཏིང་ངེ་འཛིན་ལ་མཉམ་པར་ག་ཙ་ན། བསྐལ་པ་སྟོང་གི་སྐྱེ་བ་དྲན་ཏེ། ཡབ་ཡུམ་བླ་མ་དང། ཆོས་གང་ལ་ཞུས་པ། རུས་དང་རིགས་དང། གནས་དང་ཕྱོགས་ཐམས་ཅད་ཀྱང་དྲན། དུས་རྒྱུན་དུ་ས་ལེ་བ་ནི་སྐྱེ་བ་བཅུ་དྲུག་དྲན་ནོ་ཞེས་གསུང་ལ། གཙང་སྨད་དུ་རམ་སྡིིང་མའི་ཆོས་སྡེ་བཏབ། གཞི་བདག་གིས་མཛོ་མོ་དཀར་མོ་གཅིག་ཕུལ་བ་ས་ལ་ཐིམ་པས། ཆུ་མིག་ཁྱད་པར་ཅན་ཞིག་བྱུང་སྟེ། རྒྱ་གར་གྱི་མདའ་ཆུ་ཁྲོན་པ་སྐྱེས་དང་ཁྱད་མེད། སུས་འཐུངས་ཀྱང་རྒྱལ་གསུང། གྲ་གྲྭ་པ་སྟོང་ཙམ་བྱུང། སློབ་མ་གཅིག་ལ་ཁྱོད་ལྷོ་བྲག་ཏུ་སོང། འདི་ཁོ་ན་འདྲ་བའི་ས་ཆ་ཡོད། དེར་དགོན་པ་ཐོབ། བླ་མ་དང་དགོན་པའི་མིང་ཡང་གཅིག་པ་ཐོགས་གསུང་སྟེ། ལྷོ་བྲག་སྡིང་མ་དེ་ལས་བརྒྱུད་དོ། དོལ་པ་ཤེས་རབ་རྒྱ་མཚོ་ནི། ཇོ་བོ་དོལ་དུ་ཕེབས་དུས། ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་རྟགས་མཚན་ཅན་ཞིག་