[A:༦༢བ] དེ་ལ་སློབ་མ་རྗེ་བཙུན་ཡེ་མགོན་པ། བྱང་སེམས་ར་སྒྲེང་པ་ཤཱཀྱ་བསོད་ནམས་སོགས་མང་དུ་བྱོན་ནོ། རྒྱ་སྤང་ས་ཐང་པ་ནི། གདུང་རུས་རྒྱ། མཚན་ཉི་མ་དབང་ཕྱུག། སྤང་སའི་དགོན་པ་བཏབ། དགུང་པོ་ལྔ་བཅུ་བཞུགས། དེ་ནས་གདན་སར་བཟང་བསྐོས་དྲུག་བདུན་དང། ལྷའི་བརྒྱུད་པས་གཟུང་ནས་ཀྱང་གདན་ས་བདུན་བརྒྱད་ཙམ་སོང་ངོ། ལྷ་སྡིངས་པས་ཉན་གྱི་ལྷ་སྡིངས་བཏབ། བློ་སྦྱོང་བླ་མ་བརྒྱུད་པར་རམ་པ་ལྷ་སྡིངས་པ་ཞེས་འབྱུང་ལ། སྟོད་ལུངས་མདར་རམ་པ་ལྷ་སྡིངས་ཞེས་པའི་དགོན་པ་ཡོད་པས། འདི་དང་བླ་མ་གཅིག་མི་གཅིག་བརྟགས་པར་བྱའོ། རམ་པ་ལྷ་སྡིངས་པ་ནས་སངས་རྒྱས་དབོན་སློབ་དཔོན་ཡོན་ཏན་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་རམ་པ་ལྷ་སྡིངས་གནམ་འབར་བས་བཏབ་ཟེར་བས་མི་ཅིག་གམ་སྙམ། དཀའ་བཞི་པ། རིན་པོ་ཆེ་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་པ་སྟེ། དེ་རྣམས་ཀྱི་རྣམ་ཐར་ཆོས་རྗེས་འཚལ་མིན་པ་བསོད་ནམས་བཟང་པོས་མཛད་པར་གསོལ་ལོ། བྱིན་རླབས་ཀྱི་བཀའ་བབས། གཏུམ་སྟོན་བློ་གྲོས་གྲགས་ནི། གདུང་རུས་གཏུམ། འཁྲུངས་ཡུལ་ཤབ་སྒོ་ལྔའི་ལྕགས་མཁར་ཏེ་ཤར་བ་པ་སོགས་བཀའ་གདམས་ཀྱི་བླ་མ་མང་དུ་བསྟེན། དེ་ནས་སྣར་གྱི་མདའི་ཐང་ལ་ལོ་ར་ཡོད་སར་སྤྱིལ་པོ་མཛད་དེ། ཆུ་མོ་བྱའི་ལོ་ལ་གཞི་གཙུགས། སྣར་ཐང་གི་དགོན་པ་བཏབ་སྟེ་ལོ་བཅུ་བཞི་བཞུགས། གྲྭ་པ་སྟོང་ཙམ་འདུས་པའི་གྲགས་ཆེ་བ། རྡོ་སྟོན་ཤེས་རབ་གྲགས་
རྡོ་རྗེ་གྲགས་ཡང་ཟེར་
གྲྭ་སྟོན་བདུད་རྩི་གྲགས། ཞང་བཙུན་རྡོ་རྗེ་འོད། རྒ་སྟོན་ཤེས་རབ་གྲགས་རྣམས་ལས། རྡོ་སྟོན་ཤེས་རབ་གྲགས་ལ་ཉིད་ཀྱིས་དགོན་པ་འདི་བཟུང་ལ་འགྲོ་དོན་བསྐྱོངས་གསུང་ནས། ཁོང་རང་བྱང་རྟ་སྡེའི་ཆོས་ལུང་དུ་ཐུགས་དམ་ལ་བཞུགས་ཏེ། དགུང་ལོ་བརྒྱད་བཅུ་རྩ་གཅིག་པོ་མེ་ཕོ་ཁྱིའི་ལོ་རྒྱལ་གྱི་ཟླ་བའི་ཉི་ཤུ་གསུམ་ལ་ཆོས་ལུང་དུ་