[A:༦༣ན] གཤེགས་པས་ཆོས་ལུང་སྐུ་གཤེགས་སུ་གྲགས། དེ་རྗེས་རྡོ་སྟོན་གྱིས་གདན་ས་ལོ་ཉི་ཤུ་མཛད། དེ་ནས་ཞང་བཙུན་རྡོ་རྗེ་འོད་ཀྱིས་གདན་ས་ལོ་བརྒྱད་མཛད། དེ་ནས་དཔལ་ལྡན་གྲོ་མོ་ཆེ་པ། གདུང་རུས་གྲོ། འཁྲུངས་ཡུལ་ཆུ་སྒོ་བ། བྱའི་ལོ་ལ་སྐུ་འཁྲུངས། རྩིས་པ་གཞོན་ནུ་སེང་གེ་ལ་བསྙེན་པར་རྫོགས། མཚན་བདུད་རྩི་གྲགས། ཡི་དམ་མང་པོ་དང། གནས་བརྟན་བཅུ་དྲུག་ཞལ་གཟིགས། སྣར་ཐང་གི་དབུ་རྩེ་རྙིང་མ་བཞེངས། ལམ་མཆོག་གི་རྩ་ཚིག་མཛད། གདན་ས་ལོ་སུམ་བཅུ་རྩ་དགུ་མཛད་དེ། འབྲུག་ལོ་བརྒྱད་བཅུ་པ་ལ་གཤེགས། དེ་ནས་ཞང་སྟོན་ཆོས་ཀྱི་བླ་མས་གདན་ས་ལོ་བཅུ་མཛད། དེ་ནི་ཤབ་སྒོ་ལྔའི་སྣ་རིང་དུ་འབྲུག་ལ་འཁྲུངས། གདམས་པ་རྣམས་བཤེས་གཉེན་གོང་མ་ཉིད་ལ་གསན། མཁྱེན་པ་ཆེ་བས་ཞང་ཐམས་ཅད་མཁྱེན་པར་གྲགས། འདིས་གདན་ས་ལོ་བཅུ་མཛད་དེ་གླང་ལ་གཤེགས། དེ་ནས་སངས་རྒྱས་སྒོམ་པས་གདན་ས་མཛད། དེ་ནི་ལྕགས་ཀྱི་སྐྱོ་ལུང་དྲོའི་ཕུར། ས་མོ་ཕག་ལ་འཁྲུངས། གྲོ་མོ་ཆེ་ལ་བསྙེན་པར་རྫོགས། མཚན་སེང་གེ་སྐྱབས། མཁན་པོ་གོང་མ་གཉིས་ལ་གདམས་པ་རྣམས་གསན། བློ་སྦྱོང་ཚོགས་ཆོས་ཆེན་མོར་གྲགས་པ་དང། ལམ་སྒྲོན་གྱི་ཊཱིཀྐ་སོགས་མཛད། གདན་སར་ལོ་བཅུ་བཞུགས་ཏེ། དོན་གཉིས་པ་ལྕགས་ཁྱིའི་དཔྱིད་ཟླ་ཐ་ཆུང་གི་ཚེས་ལྔ་ལ་དབེན་གནས་བྱང་ཆེན་དུ་གཤེགས། དེ་ནས་མཆིམས་ནམ་མཁའ་གྲགས་ནི། གདུང་རུས་མཆིམས། ཉང་སྟོད་སྨོན་གྲོའི་ཕུ་ཁའུར་རྟའི་ལོ་ལ་སྐུ་འཁྲུངས། གནས་བརྟན་བཅུ་དྲུག་གི་གཅིག་ཏུ་གྲགས། མཁྱེན་རབ་ཆེ་བས་སྤྱིར་བརྩམས་ཆོས་མང་དུ་མཛད་ཅིང། ཁྱད་པར་ལམ་མཆོག་གི་འགྲེལ་པ་ཕུལ་དུ་བྱུང་བ་ཞིག་ཀྱང་མཛད། གདན་ས་ལོ་སུམ་བཅུ་རྩ་དྲུག་མཛད། ཆོས་རྒྱལ་འཕགས་པའི་བླ་མ་ཡང་