[A:༦༦ན] ཁོང་རང་ཇི་ལྟར་དགོངས་པ་མཛད་དུ་ཆུགས་གསུང། དེ་ནས་སྐུ་གཤེགས་ཀར་ངས་དོན་ཁྱད་པར་ཅན་གྲུབ་པ་ཡིན། ཞེས་ལན་གསུམ་གསུང་། དྲུང་ན་ཡོད་པས་པའི་ཡི་དམ་གྱི་ལྷ་ཞལ་མཇལ་བ་ཡིན་ནམ་ཞུས་པས། ཡི་དམ་གྱི་ལྷ་ཟེར་ནས་མིག་ཧུར་རེ་རྣ་བ་ཅོ་བོ་ཡོད་པ་མིན། ཆོས་ཐམས་ཅད་དོན་དམ་པར་སྐྱེ་པ་མེད་ཅིང། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་གསུང་སྟེ། བརྒྱད་བཅུ་རྩ་ལྔ་པ་མེ་ཕོ་སྤྲེའུ་ལོ་མངོན་བར་བྱང་ཆུབ་པའི་ཟླ་བའི་ཚེས་བརྒྱད་ལ་ལམ་པ་དགོན་པར་སྐུ་གཤེགས། སང་ལྷ་བཟོ་དཔོན་སློབ་ཀྱིས་ཀྱང་ཕེབས། ཉ་ག་མོ་པས་མདང་མ་གིར་བཞུགས་པས་མ་བྱུང་ཞུས་པས། ཚེ་དང་ལྡན་པ་མི་ཐེག་པའི་ཁུར་ཆེན་པོ་ཅིག་བསྐུར་བར་འདུག་པས་བསྡད་པ་ཡིན། བླ་མ་དང་མདང་མཇལ། བཟོད་གསོལ་ཀྱང་ཚར་གསུང། དེར་གློག་སྐྱའི་ཞལ་ནས། ང་རྒས་པས་ཡ་གིར་མི་ཐོན། ཁྱོད་ཀྱིས་ཟར་བསྐྱོངས་གསུང། ཟར་པའི་ཞལ་ནས། ང་ཡང་བླ་མའི་གདན་ས་དགའ་སྟེ། ད་ངས་ཟར་བསྐྱངས་ཤིག་གསུང། དེ་ནས་བྱ་ཡུལ་བ་ཆེན་པོས་ཀྱང་ཕེབས། སྔར་གྱི་ཞལ་བཀོད་རྣམས་སྙན་དུ་གསོལ་བས། གཞི་འདི་ལ་གཟན་གྱིས་དོགས་པའི་དགོངས་པ་ཡིན་ཡོང་གསུང་སྟེ། ཆས་རྐྱེན་ཐམས་ཅད་དང། སོལ་བ་ཚུན་དབུར་སྟོད་ནས་དྲངས་ཏེ་གདུང་ཁང་ཆེན་མོ་བཞེངས་སོ། སྤྲུལ་པའི་སྐུ་བྱ་ཡུལ་བ་ནི། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཕྱི་མའི་དུས་ན་ཏིང་འཛིན་འཛིན་པ་དག། ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ། མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བ་ལ། དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། ཞེས་ལུང་བསྟན་ཏེ། འཁྲུངས་ཡུལ་སྟོད་ལུངས་གོ་གོ་ལུང་གི་གྲོང་མཁའ་རོག