[A:༦༦བ] གདུང་རུས་གཉོས། ཡབ་གཡུང་དྲུང་འབར། ཡུམ་སྟོད་ལུངས་པའི་ལྕམ་སྲིང་ལྗང་བཟའ་ལྕམ་བུ་སྟེ། ཤིང་མོ་ཡོས་ལ་འཁྲུངས། དགུང་ལོ་བདུན་ལ་སྟོད་ལུངས་པ་ཆེན་པོ་དང་མཇལ། ལོ་བཅུ་གཉིས་ལ་སྟོད་ལུངས་ཚ་ཐོག་དགོན་པར། རྣལ་འབྱོར་པའི་སློབ་མ་སྒོམ་པ་བྱང་གྲགས་དང། སྤྱན་སྔ་བའི་སློབ་མ་སྒོམ་པ་ཡེ་ཤེས་རྒྱལ་མཚན་གཉིས་ལ་མཁན་སློབ་ཞུས་ཏེ། དགེ་ཚུལ་མཛད། མཚན་གཞོན་ནུ་འོད་དུ་བཏགས། དེ་ནས་སྟོད་ལུངས་པ་མལ་གྲོ་ཟར་དུ་འབྱོན་པའི་ཕྱགས་ཕྱིར་བྱོན། ལོ་བཅུ་ཞབས་ཏོག་ཚུལ་བཞིན་མཛད། ཐུགས་འཛིན་ཡངས་པས་བསླབ་སྤྱོད་སོགས་གཞུང་ཆེ་ཆུང་རྣམས་ཚེགས་མེད་པར་ཐུགས་སུ་ཆུད་པར་མཛད། དེ་ནས་སྤྱན་སྔ་བ་ཕྱོར་བ་ན་བཞུགས་པ། སྟོད་ལུངས་པ་དང་དཔོན་སློབ་གཉིས་ཀྱིས་མཇལ་དུ་བྱོན་པས། མངོན་ཤེས་ཀྱིས་གཟིགས་ནས། སྟོད་ལུངས་པ་ལ་ཇོ་བོ་སྟོན་པ་རེ་སྐྱིད་ན། འཁོར་འདི་ལྟ་བུ་ཡོད་པ་ཅེས་ཡང་ཡང་གསུང་བས། བླ་མ་མཉེས་པར་དགོངས་ཏེ་ཕུལ། ལོ་བཅུ་གསུམ་ཞབས་ཏོག་ཚུལ་བཞིན་དུ་མཛད་པས། སྤྱན་སྔ་བ་མཉེས་པའི་གསུང་མང་པོ་དང། བྱིན་བརླབས་ཞུགས་སྟེ་ནང་མ་གཅིག་ལ་སྡེ་སྣོད་གསུམ་དང། རྒྱུད་སྡེ་བཞིའི་ཚིག་དོན་མ་ལུས་པ་ཐུགས་ལ་འཁྲུངས། སྤྱན་སྔ་པ་ལ་སློབ་དཔོན་ནཱ་ག་བོ་དྷི་དང་མཇལ་བ་བདེའམ་ཞུས་པས། བཙུན་ཆུང་འདི་འདྲིར་བཅུག་པའི་ཆོས་མི་འདྲ་བ་གསུང། ཕྱིས་གཤེགས་ཀར་ངས་སློབ་དཔོན་ནཱ་ག་བོ་དྷི་དང་དངོས་སུ་མཇལ། ཆོས་མང་དུ་ཞུས་རྩ་བའི་བླ་མར་བྱེད་པ་ཡིན། ཁྱེད་རང་ཡང་གསོལ་བ་ཐོབ་དང་རྗེས་སུ་འཛིན་པར་འདུག་གསུང། མདོར་ན་སྤྱན་སྔ་བའི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང། སྤྱན་སྔ་བ་སྨྱུག་རམ་དུ་གཤེགས་ནས་སྐུ་གདུང་བཞུ་བའི་དུས། ཐུགས་ནམ་མཁའ་ལ་འོད་དང་