[A:༦༧བ] རབ་གནས་ཞུས་པས་དུས་ཚོད་ཚེས་གྲངས་འདི་ལ་མཆོད་པ་རྒྱ་ཆེན་པོ་བཤོམས། གསོལ་བ་ཐོབ། ངས་གཟིམས་ཆུང་འདིའི་སྟེང་ནས་རབ་གནས་བྱེད་པ་ཡིན་གསུང་སྟེ། ཀུན་གྱིས་མཐོང་བར་གཙུག་ལག་ཁང་དང། མཆོད་རྟེན་སྟེངས་སུ་ཕྱག་ནས་བབས་པས། དེ་ནས་སྤྲུལ་སྐུར་གྲགས། མི་མ་ཡིན་མང་པོ་ལ་ཆོས་གསུངས་པ་དང་། སྐྱེད་རྫོགས་ཀྱི་རྟོགས་པ་མངའ་བ། མངོན་ཤེས་མང་དུ་གསུངས་པ་སོགས་དོན་དུ་གཉེེར་ན་རྣམ་ཐར་ཆེ་ཆུང་དང། གཙུག་ལག་བཞེངས་ཚུལ་རྟེན་བཤད་དུ་གསོལ། དེ་ལྟར་སློབ་མ་མང་དུ་སྨིན་གྲོལ་ལ་བཀོད། འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དྲུག་བཅུ་རྩ་བཞི་བཞེས་པ་ས་ཕོ་རྟའི་ལོའི་ཉ་དྲུག་ཟླ་བའི་ཚེས་བཅུ་བཅོ་བརྒྱད་ལ་བྱ་ཡུལ་དུ་ཐེགས། དེ་ནས་གཞི་བྱེས་ཀྱི་གྲྭ་པ་མངས། སྐུ་གདུང་བཞུ་བ་དང་བཞུགས་པ་ལ་མ་འཚམ་པས། སྐུ་སྟོད་རྡོ་རུས་ཀྱི་དཔང་ཁེབས་ཀྱིས་དྲིལ་ནས། སྐུ་སྨད་ཞུགས་ཕུལ་བས་སྤུར་དུད་ཀྱིས་གར་ཁྱབ་ཏུ་རིང་སྲེལ་འབྱུང་བ་དང་། དུང་གཡས་འཁྱིལ། སྒྲོལ་དཀར། རྣམ་རྒྱལ་མཆོད་རྟེན་རྣམས་བྱོན་ནོ། སྤྲུལ་སྐུ་ཆེན་པོ་ལ་སློབ་མ་ཉིས་སྟོང་རེ་འདུས་པའི་ནང་ནས། ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་ཙེ་འཆའ་བ་བརྒྱ་དང་བཅུ། དེའི་ནང་ནས་གྲགས་ཆེ་བ་ཕྱིའི་ཆེན་པོ་བརྒྱད། ནང་གི་ཆེན་པོ་བརྒྱད། ཐུགས་ཀྱི་སྲས་བཞི་རྗེ་སྒམ་པོ་པར་གྲགས་པ་དྭགས་པོ་ལྷ་རྗེ་ལ་སོགས་པ་བྱོན། ཕྱིའི་ཆེན་པོ་བརྒྱད་ནི། མདོ་སྨད་ནས་ངང་ཚང་བ་ཆེན་པོ། བྲག་དམར་བ་ཆེན་པོ། དྭགས་པོར་ཤ་པ་གླིང་པ་ཆེན་པོ། ལྷོར་ལྷ་རྒྱ་རི་བ་དང། དགེ་གཡེ་བ་ཆེན་པོ། སྟོད་ལུངས་སུ་གནམ་པར་བ་དང། ཉ་ག་མོ་པ་ཆེན་པོ་དཀོན་མཆོག་འོད་ཟེར། གཙང་དུ་མུ་སྨན་པ་ཆེན་པོ་དང་བརྒྱད་དོ། ནང་གི་ཆེན་པོ་བརྒྱད་ལ། ཁྲོམ་གཞེར་ཆེན་པོ་འབྲུག་ལོ་པ། མཚན་རིན་ཆེན་འོད། སྐམ་སྐམ། བར་བར་སོགས་དགོན་པ་མང་དུ་