[A:༦༨བ] ཕ་ཞིང་ལ་ཡོན་བདག་བྱས་ཏེ་སྒྲུབ་པ་བྱེད་པའི་དུས་ཉིན་གཅིག་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་སངས་ལ་བྱོན་པ་ན། སྤྲང་པོ་གསུམ་ལས་རྗེ་བཙུན་མི་ལའི་སྙན་པ་གསན་པས་དད་པའི་རྐྱེན་བྱས་ཏེ་ཕ་ཞིང་གསེར་ཞོ་བཞི་དང། ཇ་ཞོ་གང་ལ་བཙོངས་ནས། རྒྱ་ལྕགས་རི་བ་དང། བྱ་ཡུལ་བ། སྨྱུག་རུམ་པ་རྣམས་ལ་ཕྱི་ཕྱག་མཛད་པས། བྱ་ཡུལ་བའི་ཞལ་ནས། ཁྱེད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་སྤྱན་སྔར་མ་འགྲོ། ཅིས་ཀྱང་འགྲོ་ན་ངེད་ཀྱི་རྟགས་རྣམ་ཐར་མ་དོར་བར་ཤོག་ཅིག། ལར་སེར་ཁ་ལ་ཕན་ན་ཁྱི་ཚིལ་ཡང་སྨན་ཡིན། ཟངས་ངེད་ཀྱིས་བརྡུངས་ནས་ཟ་པ་སྐད་མིས་འདོན་པ་གཅིག་འོང་བར་འདུག་སྟེ་ཐབས་མེད་གསུང། སྨྱུག་རུམ་པའི་ཞལ་ནས། ཁྱོད་ཀྱིས་ང་རྒས་ཀར་མ་བོར་བར་ཤོག་ཅིག་གསུང། དེ་ནས་མི་ལ་དང་མཇལ། གདམས་ངག་གིས་ཐུགས་ཚིམ་པར་མཛད། ཕྲིན་ལས་མཐའ་ཡས་ཤིང། དགས་དྭགས་ལྷ་སྒམ་པོ་བཏབ་ཏེ་རང་ལོ་བདུན་བཅུ་རྩ་ལྔ་པ་ཆུ་མོ་བྱ་ལ་སྐུ་གཤེགས། རྒྱས་པར་ནི་བཀའ་བརྒྱུད་ཀྱི་རྣམ་ཐར་རྣམས་སུ་གསལ་ལོ། འདི་དག་བཀའ་གདམས་ཀྱི་བརྒྱུད་པ་དངོས་སུ་མི་འཛིན་ཀྱང། བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས་པས། སློབ་མའི་མཆོག་ཏུ་བགྲངས་ཡ་ཡིན་ནོ། དེ་ནས་ལོ་བྱ་ཡུལ་གྱི་གདན་ས་རིན་པར་བྱོན་པའི་ཚུལ་ནི། སྤྱན་སྔ་རྣལ་འབྱོར་གྱི་དབང་ཕྱུག་སྨྱུག་རུམ་དུ་ཐེགས་ནས། ལོར་གནས་བརྟན་གྱི་བུ་གཞོན་ནུ་སྨོན་ལམ་གྱིས་གདན་ས་ལོ་དགུ། དེ་ནས་རྟོགས་ལྡན་སྡིངས་པོ་བ་གནུབས་ཆོས་འབར་སྦྲུལ་པོས་གདན་ས་ལོ་གསུམ། དེ་ནས་གནས་བརྟན་སྨོན་ལམ་བློ་གྲོས་ཀྱིས་ཟླ་བ་བཅུ་བཅོ་བརྒྱད་བྱས། ཡང་སྡིངས་པོ་བས་ལོ་དྲུག་དྲིལ་བས་ལོ་དགུ་མཛད་དེ། བདུན་བཅུ་རྩ་བརྒྱད་ལ་ལོར་ཐེགས། དེ་ནས་