R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༦༩བ
[A:༦༩བ] པ་ལ་བྱོན་པས། བྱ་ཡུལ་བ་ཆེན་པོ་འབྲོམ་སྨོན་གྲོང་དུ་ཆོས་བར་ལ་བྱོན་པའི་ཆོས་ཉན་མང་པོ་དང་ཕྲད་དེ་སྤྲུལ་སྐུ་བྱ་ཡུལ་བ་ལ་ཆོས་ཉན་དུ་འགྲོ་ཟེར། དེ་ལ་ཡོན་ཏན་ཅི་ཡོད་བྱས་པས། གཞན་མི་ཤེས་བླ་མས་བྱིན་གྱིས་བརླབས་པ་གཅིག་ཡིན་པར་འདུག་ཟེར། ཁོང་གིས་ཀྱང་ཚོད་བལྟ་བའི་ཕྱིར་ཆོས་གྲྭའི་མཐར་བཞུགས་པས། སེམས་ལ་ཕན་པ་མང་དུ་བྱུང་སྟེ། མཇལ་ནས་མི་ཕྱེད་པའི་དད་པ་འཁྲུངས། ཕྱགས་ཕྱིར་བྱ་ཡུལ་དུ་བྱོན་ནས། ལོ་བཅུ་བཞི་བསྟེན། བཀའ་གདམས་ཀྱི་ཆོས་ཐམས་ཅད་རྫོགས་པར་གསན་ཡི་དམ་མང་པོའི་ཞལ་གཟིགས། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཏེ། ཕྱིས་ལོར་བྱོན་པ་ལ། མཁའ་འགྲོ་མ་དུང་ཕྲེང་ཅན་མང་པོས་བསུ་བ་མཛད་དེ། རྡོ་རྗེ་གདན་གྱི་ཆོས་སྐྱོང་དང་གཅིག་པར་སྣང་གསུང། དགུང་ལོ་རེ་གཅིག་ལ་དགའ་ལྡན་དུ་འབྱོན་པའི་རྣལ་ལམ་བྱུང་བས། སྒྲོལ་མ་དཀར་མོའི་སྒྲུབ་པ་མཛད།་ལོའི་གདན་སར་ལོ་བཅུ་བཅོ་ལྔ་བཞུགས་ཏེ། བརྒྱད་བཅུ་རྩ་ལྔ་པ་ལྕགས་འབྲུག་ཟླ་བ་བཞི་པའི་ཚེས་བརྒྱད་ལ་ལོར་ཐེགས། འདི་ལ་སློབ་མ་དགེ་བཤེས་འགར་ལ་སོགས་པ་བུ་བཞི་དང། ཚེ་བློས་ཐེངས་པ་སྡིངས་པོ་བ་སོགས་བཅུ་བཞི་བྱོན་ཏེ་མ་སྤྲོས་སོ། དེའི་སློབ་མ་རིན་པོ་ཆེ་གླང་ལུང་པ་ནི། འཁྲུངས་ཡུལ་སྟོད་ལུངས་ང་ཚུར་ཡབ་རྡོ་རྗེ་གྲགས་དང། ཡུམ་ཧོར་བཟའ་མགོན་མོའི་སྲས་སུ་ཆུ་ཡོས་ལ་འཁྲུངས། ལོ་བཅུ་དགུ་ལ་པ་ཚབ་ལོ་ཙཱ་བ་ལ་རབ་ཏུ་བྱུང་སྟེ། མཚན་བརྩོན་འགྲུས་གཞོན་ནུར་བཏགས། ཟུར་ཆོས་པ་གཅིག་ལ་འདུལ་བ་མཁས་པར་བསླབས། ཉ་ག་མོ་པ་ལ་ལོ་བདུན་ལམ་རིམ་ཚར་གཅིག་ཏུ་བསྦྱངས་པས། ཇི་ལྟར་འདོད་པ་བཞིན་དུ་བློ་བཀོལ་དུ་བཏུབ་པ་བྱུང་གསུང། ཉེར་བདུན་པ་ལ་