R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༠ན
[A:༧༠ན] སྣོན་གྱི་གྱད་པར་བྱ་འདུལ་འཛིན། ཕྱ་པ་ཆོས་སེང། བཙུན་པ་ཆོས་མཆོག་གསུམ་ལ་བསྙེན་པར་རྫོགས། དེ་ནས་ལོར་གཙང་པ་རིན་པོ་ཆེ་ལོ་ལྔ་བསྟེན་ཏེ་ཆོས་མང་དུ་གསན། དད་གུས་ཚད་མེད་པ་འཁྲུངས་པས། རྟོགས་པ་འཁྲུངས་ཚུལ་སོགས་མང་དུ་འབྱུང་ལ། སྔོན་དུ་ལོའི་གདན་ས་ལོ་བཅུ་གཉིས་དང། དེ་ནས་ལོ་བྱ་ཡུལ་སྦྲེལ་ནས་ལོ་དྲུག་སྟེ་བཅུ་བཅོ་བརྒྱད་མཛད། བདུན་བཅུ་རྩ་ལྔ་ལ་ཉ་དྲུག་ཟླ་བའི་ཚེས་བརྒྱད་ལ་བྱ་ཡུལ་དུ་ཐེགས། གླང་ལུང་པའི་དུས་སུ་ཆོས་རྗེ་འཇིག་རྟེན་མགོན་པོ་བྱ་ཡུལ་དུ་བྱོན་ཏེ། ཁྲོམ་གཞོར་དང་གཉིས་ལ་བཀའ་གདམས་ཀྱི་ཆོས་གསན་པའི་དུས་སུ། དེ་གཉིས་ཀྱི་སློབ་མ་སྐྱོ་རིན་པོ་ཆེ་ལ་ངེད་དབེན་གནས་བྱེད་པའི་ས་ཅིག་དགོས་གསུངས་པས། གཞོའི་ཕུ་ན་འབྲི་ཕྱུགས་འཇོག་་པའི་སེ་ནགས་ཡོད་པ་ཕུལ། དགོན་པ་བཏབ་སྟེ་ཕྲིན་ལས་རྒྱས་པའི་ཚུལ་གཞན་དུ་གསལ་ལོ། གླང་ལུང་པའི་རྗེས་སུ་སེ་རྣལ་འབྱོར་པ་བསོད་ནམས་རྒྱལ་མཚན། དེ་ནི་འཁྲུངས་ཡུལ་གཞུང། ཡབ་སེ་ཤེས་རྡོར་དང། ཡུམ་རྗེ་མོ་འོད་ཟེར་གྱི་སྲས་སུ་འཁྲུངས། གླང་ལུང་པའི་ཕྱགས་ཕྱིར་ཡུན་རིང་དུ་བཞུགས། བླ་མཆོད་པ་ལོ་འགའ་དང། ལོ་བྱ་ཡུལ་གྱི་གདན་ས་ལོ་དགུ་མཛད་ནས། ཁྲོག་གི་དབྱི་ཕུ་དགོན་པ་བཏབ་པོ། སངས་རྒྱས་སྒོམ་པ་ནི། འཁྲུངས་ཡུལ་གཞུང། ཡབ་འབེ་སྤྱན་རས་གཟིགས་དང། ཡུམ་བྱི་ཟ་རྒྱས་ཆུང་གི་སྲས་སུ་ལྕགས་འབྲུག་ལ་འཁྲུངས། ལོ་བཅུ་བཞི་ལ་འདུལ་བ་འཛིན་པ་སྦལ་ཏིའི་སར་རབ་བྱུང་མཛད། མཚན་རྡོ་རྗེ་གཞོན་ནུར་བཏགས། དེ་ནས་ལོ་བརྒྱད་པ་ལ་གླང་ལུང་པ་སྟོད་ལུངས་སུ་བྱོན་པ་དང་མཇལ། ལོ་བཅུ་བཞི་བསྟེན་རྟོགས་པ་ཁྱད་པར་ཅན་འཁྲུངས། དེ་ནས་ལ་མོ་ལྷ་ཁང་