[A:༧༢བ] མངོན་ཤེས་མངའ་བ་སོགས་རྣམ་ཐར་དུ་གསལ། འཁོར་རྣམས་ལ་ངེད་ཡན་ཆད་དུ་བཀའ་བརྒྱུད་འདི་ལ་དམ་ཚིག་དང་ལྟ་སྤྱོད་ལ་ལྷད་དང་ཟེལ་མེད། བྱིན་བརླབས་ཀྱི་བརྒྱུད་པ་མ་ཉམས། ཉམས་རྟོགས་རྒྱུན་ཆད་མེད་པ་ཡིན་པས། ཁྱེད་ཞབས་ཏོག་བྱེད་པ་དོན་དང་ལྡན་པ་ཡིན་གསུང། བྱ་ཡུལ་གྱི་མཁན་པོ་ལོ་གསུམ། ལམ་དགོན་གྱི་གདན་ས་ལོ་བརྒྱད། གདན་ས་ཆེ་བ་ལོ་ཉི་ཤུ་རྩ་གཉིས་མཛད་དེ། བདུན་བཅུ་རྩ་གཅིག་པ་གླང་ལོ་ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་ལོར་ཐེགས། འདི་སྟོད་ལུངས་པ་རིན་ཆེན་སྙིང་པོའི་སྤྲུལ་པར་གྲགས་སོ། རིན་པོ་ཆེ་གནམ་གང་པ། འཁྲུངས་ཡུལ་འོལ་ཁ་བ། གདུང་རུས་བྱེན། ཡབ་ཆོས་སྐྱོང་བསམ་མེའི་སྲས་སུ་ཁྱི་ལོ་ལ་འཁྲུངས། ལོ་བཅུ་གཅིག་པ་ལ་རྒྱལ་སྟེངས་སུ་སངས་རྒྱས་དབོན་པོ་ལ་རབ་ཏུ་བྱུང། མཚན་གཞོན་ནུ་ཡེ་ཤེས་སུ་བཏགས། མཁེན་ཕྱ་རུ་བ་ལ། འདུལ་བ། སྤྱོད་འཇུག། གདམས་ངག་སྐོར་མང་དུ་གསན། བཅུ་དགུ་ལ་རིན་པོ་ཆེ་ཚུལ་ཁྲིམས་མགོན་པོ་ལ་བསྙེན་རྫོགས་ཞུས། ངེད་ཀྱི་གཟིམས་གཡོག་གྱིས་ཟིན་བྲིས་ཐོབ་གསུང་བས། དེ་ལྟར་མཛད་དེ་ཚོགས་ལྐོག་གི་ཆོས་རྫོགས་པར་གསན་པས་ཐུགས་རབ་ལ་མཉེས་ཏེ། བློ་གྲོས་རྣམ་དག་ཅེས་གསུང། ལོ་ཉེར་དྲུག་ལ་རྒྱལ་སྟེངས་སུ་བསྐོས་ཏེ་ལོ་བཅུ་བཅོ་ལྔ་གདན་ས་མཛད། དེ་ནས་རིན་པོ་ཆེ་བཅུ་བཞི་པས། ཐུབ་པའི་གསེར་སྐུ་དབུ་ཞྭ། བསྟན་རིམ་སོགས་གནང་ནས་བྱིན་གྱིས་བརླབས། བཞི་བཅུ་པ་ལ་གདན་སར་བྱོན། ལོ་སོ་བཞི་མཛད། དོན་གསུམ་པ་ཁྱི་ལོ་ཟླ་བ་བཅུ་གཉིས་པའི་གནམ་གང་བར་དུ་བཞུགས། རིན་པོ་ཆེ་ཚེས་བཅུ་པ། འཁྲུངས་ཡུལ་འོལ་ཁ་བ། གདུང་རུས་ལྗང། ཡབ་དཔོན་དཀར་གྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། ལོ་བཅུ་བཞི་ལ་རིན་པོ་ཆེ་བཅུ་བཞི་པ་