R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༣ན
[A:༧༣ན] ལ་རབ་བྱུང་ཞུས་མཚན་ཆོས་ཀྱི་རྡོ་རྗེར་བཏགས། ཉེར་གཅིག་ལ་རིན་པོ་ཆེ་ས་དེ་ཉིད་ཀྱི་དྲུང་དུ་བྱ་ཡུལ་དུ་བསྙེན་རྫོགས་མཛད་དེ། དལ་དང་འབྱོར་པ་རྙེད་དཀའ་བས། འདི་དག་ཇི་ལྟ་བཞིན་དུ་བསྒྲུབས། གསུང་བའི་སྐབས་སུ་ཐུགས་ལ་ངེས་ཤེས་སྐྱེས་ཏེ། ཚུལ་ཁྲིམས་མི་འབྲས་བཞིན་དུ་བསྲུངས་གསུང། བཅུ་བཞི་པ་ལོ་དགུ་བསྟེན། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། གསང་སྔགས་ནོད་དོ། འདུལ་མངོན་སྤྱོད་འཇུག་སོགས་ལ་མཁས་པར་སྦྱངས། བྱེས་ཀྱི་མཁན་པོ་ལོ་གསུམ། རྒྱལ་སྟེངས་སུ་ལོ་ཉི་ཤུ་རྩ་བརྒྱད། གདན་ས་གོང་ལོ་བརྒྱད། སྤྱན་གཡས་སུ་མཁན་པོ་གཞོན་ནུ་དཔལ་གྱིས་གདན་དྲངས་ནས་ཆོས་ཀྱི་འཁོར་ལོ་ཡུན་རིང་དུ་བསྐོར། བདེ་མཆོག་སོགས་ཞལ་གཟིགས། མགོན་པོ་ལྷོ་ནུབ་པ་བྲན་བཞིན་དུ་འཁོལ་བ་སོགས་རྣམ་ཐར་དུ་གསལ། བདུན་བཅུ་རྩ་གསུམ་པ་འབྲུག་གི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བར་དུ་བཞུགས། རིན་པོ་ཆེ་བཅུ་བཅུ་བརྒྱད་པ། དགུང་སྙིང་ཡོས། ཞོགས་སུ་འཁྲུངས། རིན་པོ་ཆེ་གནམ་གང་བ་ལ་རབ་བྱུང་བསྙེན་རྫོགས་ཞུས། མཚན་བློ་གྲོས་རིན་ཆེན་དུ་བཏགས། འོད་གསལ་གྱི་གདན་ས་ལོ་བདུན། གདན་ས་གོང་ལོ་བརྒྱད་མཛད་དོ། བཞི་བཅུ་རྩ་དྲུག་པ་བྱི་བ་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་བཅོ་བརྒྱད་བར་དུ་བཞུགས། རིན་པོ་ཆེ་རིན་ཆེན་རྒྱལ་མཚན། ཡབ་ལྷས་པ་དཔོན་རྡོར་གྱི་སྲས་སུ་གྲུ་བཞིར་བྱི་བ་ལོ་ལ་འཁྲུངས། རབ་བྱུང་དང་བསྙེན་རྫོགས་རིན་པོ་ཆེ་གནམ་གང་བ་ལ་ཞུས། མགོན་པོ་གྲི་གུག་ཞལ་གཟིགས་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་སོགས་བླ་མ་བཅུ་བཅོ་ལྔ་བསྟེན། གདན་ས་ལོ་ཉི་ཤུ་རྩ་གསུམ་མཛད། ལྔ་བཅུ་རྩ་དགུ་པ་ཁྱི་ལོ་ཟླ་བ་དང་པོའི་ཚེས་བཅུ་བཅོ་ལྔ་བར་དུ་བཞུགས། ཡོངས་འཛིན་ཆེན་པོ་ཚུལ་ཁྲིམས་དར་གྱི་ཞལ་སྔ་ནས་ཡབ་དཔོན་བསམ་