R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧བ
[A:༧བ] དེར་སློབ་དཔོན་གྱི་ཐུགས་དགོངས་ལ་གསེར་འགྱུར་གྱི་རྩི་བྱས་ནས་དཀོན་མཆོག་དང་དགེ་འདུན་གྱི་ཞབས་ཏོག་བྱའོ་སྙམ་དུ་དགོངས་ཏེ། སློབ་དཔོན་བྷ་ལི་པ་ཞེས་བྱ་བ་ལ་གསེར་འགྱུར་གྱི་གདམས་ངག་ཞུས། གླིང་བར་ནས་གསེར་འགྱུར་གྱི་རྫས་རྣམས་བླངས་ནས་གསེར་འགྱུར་བྱས་པས་མ་གྲུབ་པ་དང། ཆང་འཚོང་མ་ཞིག་གི་སྐྱ་བ་གསེར་དུ་འདུག་པ་མཐོང་ནས། དེ་ལ་ཞུས་པས་གསེར་འགྱུར་གྲུབ་སྟེ་ཟངས་རྣམས་གསེར་དུ་བསྒྱུར། མུ་གེ་མ་བྱུང་བའི་ས་ནས་འབྲུ་མང་པོ་དྲངས་ཏེེ་དགེ་འདུན་གྱི་གདུགས་ཚོད་སྦྱར། དེའི་ཚེ་ཡུལ་ཕྱོགས་ཀྱི་མི་སྟོབས་མེད་རྣམས་ཤི། སྟོབས་ཆེན་རྣམས་ཡུལ་གཞན་དུ་དེངས་ཏེ་ཡུལ་སྟོངས་པར་གྱུར་པ་པཎྜི་ཏ་རྣམས་ཀྱིས་རིག་ནས་ཁྱེད་ཀྱིས་དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས། དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས་གནས་ནས་ཕྱུང་ལ་གཙུག་ལག་ཁང་དང། མཆོད་རྟེན་བྱེ་བ་གྱིས་
ཤིག་
ཅེས་བསྒོའོ། དེའི་ཚེ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིགས་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་འབྱིན་པ་ལ། དེའི་གཉེན་པོར་ཆོས་སྡེ་སྣོད་མང་པོ་གསུངས་ནས། ལྟ་བ་ལོག་པ་
རྣམས་
སུན་ཕྱུང་ངོ། དེར་བྱིས་པ་གཉིས་ཆོས་ཉན་དུ་འོངས་པའི་ཚེ་དྲི་ཞིམ་པོས་འཁོར་ཀུན་དུ་ཁྱབ་པར་གྱུར་ཅིང། སོང་བ་ན་དྲི་མེད་པར་གྱུར་པ་དང། དེ་གཉིས་ལ་རྒྱུ་མཚན་དྲིས་པས། ངེད་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་འགྲོ་བ་ལ་ཙན་དན་གོར་ཤིཀྴའི་བསྲུང་བ་བྱས་པ་ཡིན་ཟེར་རོ། དེར་ཙན་དན་དེ་ལ་སྒྲོལ་མའི་སྐུ་ཅིག་བཞེངས་ན་ཕན་ཡོན་ཆེ་བར་དགོངས་ནས། ཙན་དན་དེ་བླང་དུ་ཡོད་དམ་བྱས་པས།