R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༧༧བ
[A:༧༧བ] ལོ་ཉི་ཤུ་
རྩ་ལྔ་
མཛད། སྤྱན་སྔ་སང་ཡོན་པས་གདན་ས་ལོ་བདུན་མཛད་ནས་ལྔ་བཅུ་རྩ་ལྔ་པ་ལ་ཐེགས། སངས་རྒྱས་བྱང་ཆུབ་པས་གདན་ས་ལོ་ཉི་ཤུ་རྩ་གསུམ་མཛད་དེ་ང་དྲུག་པ་ལ་ཐེགས། སྤྱན་སྔ་ཀུན་བློ་བས་གདན་ས་ལོ་བཅུ་གཅིག་བསྐྱངས་ཏེ་ལྔ་བཅུ་རྩ་དགུ་པ་ལ་ཐེགས། སྤྱན་སྔ་གཞོན་འོད་པས་གདན་ས་ལོ་སུམ་བཅུ་རྩ་བཞི་མཛད། མཆོད་རྟེན་ཆེན་མོ་བཞེངས། རེ་དྲུག་པ་ཁྱི་ལ་གཤེགས། སྤྱན་སྔ་བློ་གྲོས་རྒྱལ་མཚན་སྐམ་དགོན་པས་གདན་སར་ལོ་གཉིིས་བཞུགས་ནས་ཀུན་སྤངས་མཛད་དེ་དོན་གཅིག་པ་ལ་ཐེགས། སྤྱན་སྔ་བློ་གྲོས་རྒྱལ་མཚན་གཉིས་པས་གདན་ས་ལོ་གསུམ་མཛད་ནས་བདུན་བཅུ་རྩ་གཉིས་པ་ལ་ཐེགས། སྤྱན་སྔ་བློ་གྲོས་འཇིགས་མེད་པ་ཤིང་ཕག་ལ་གདན་སར་བྱོན་ཏེ་ད་ལྟ་གདན་སར་བཞུགས་པ་ཉིད་དོ། གོང་དུ་སྨོས་པ་སྣེའུ་ཟུར་པ་ལས་འཕྲོས་ཚུལ་ནི། སྣེའུ་ཟུར་པ་གདུང་རུས་ཞང་ཚེ་སྤོང། སྤྲས་ཐོང་པ་སར་ཞང་སྟག་པོའི་སྲས་སུ་ཆུ་ཕོ་རྟ་ལ་འཁྲུངས། བྱིས་པའི་དུས་ནས་ཏིང་ངེ་འཛིན་རང་འཁྲུངས་སུ་མངའ། བྲག་རྒྱབ་ཏུ་རབ་ཏུ་བྱུང། མཚན་ཡེ་ཤེས་འབར་དུ་བཏགས། དགོན་པ་ལ། སྐུ་མཆེད་གསུམ་ལ་
སོགས་
པ་བླ་མ་མང་དུ་བསྟེན། དགོན་པ་བ་དང་ཐོག་མར་མཇལ་བའི་དུས། ཐུགས་ཀ་ནས་ཐུབ་པའི་སྐུ་འོད་འཕྲོོ་བ་ཅིག་བྱོན་ནས་སྣེའུ་ཟུར་པ་ལ་ཐིམ་པས་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས། བླ་མ་ལ་གུས་པ། བྱང་ཆུབ་ཀྱི་སེམས་གནས་པ། བརྟན་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམས་འཛོམ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞལ་གཟིགས་པ་ཆོས་ཉིད་ཡིན་གསུང། གཞན་ཡང་སྒྱུ་ལུས་ཀྱི་རྟོགས་པ་བརྙེས་པས། རང་ལུས་མི་གཡོ་བའི་སྐུར་ལྡང་ནུས་པ་དང་།