[A:༧༩ན] བྱ་བ་མཛད་དེ། དང་པོར་དགེ་འདུན་ལྔ་བརྒྱ་ཙམ་འདུས་སོ། དེ་ལས་འཕྲོས་པ་ལ་གཉིས། ལོ་ཙཱ་བ་བློ་ལྡན་ཤེས་རབ་ལས་སློབ་མ་འཕྲོས་ཚུལ། མངའ་རིས་པ་ཤེས་རབ་རྒྱལ་མཚན་ལས་བཀའ་གདམས་གླེགས་བམ་བྱུང་ཚུལ་ལོ། དང་པོ་ནི། ལེགས་ཤེའི་གཅུང་པོ་ཀླུ་ཁྲི། ཀླུ་བྱང། ཆོས་སྐྱབས། ཐུབ་པ་བཞི་ལས། ཆོས་སྐྱབས་ཀྱི་སྲས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡིན་ཏེ། དེ་ཡང་ལྕགས་མོ་ཕག་གི་ལོ་ལ་སྐུ་འཁྲུངས། སྐྱེས་བུ་དམ་པ་དེས་སྐུ་ན་གཞོན་ནུའི་དུས་ནས། ཁུ་བོ་དང། ཀ་ཆུའི་སློབ་ཆུང་ཚུལ་ཁྲིམས་ཤེས་རབ་ལ་སོགས་པ་བསྟེན་ནས་རབ་ཏུ་བྱུང་། རྒྱུད་སྦྱངས། དགུང་ལོ་བཅུ་བདུན་ལོན་པའི་དུས། མངའ་རིས་སྟོད་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དབོན་པོ་མངའ་བདག་རྩེ་ལྷེས་ལྡེས་རྒྱ་གར་དུ་ལོ་ཙཱ་སློབ་པ་ལ་བརྫངས་ཏེ། ཡུལ་དབུས་དང་ཁ་ཆེ་ལ་སོགས་པར་བྱོན། པཎྜི་ཏ་སཛྫ་ན་དང། འབུམ་ཕྲག་གསུམ་པ། པ་ར་ཧེ་ད། མ་ཧཱ་ཛ་ན། སུ་མ་ཏི་ཀཱིརྟཱི་དང། སྐལ་ལྡན་རྒྱལ་པོ་ལ་སོགས་པ་མཁས་གྲུབ་མང་དུ་བསྟེན། རྒྱ་བལ་དུ་ལོ་བཅུ་བདུན་བཞུགས་ནས། མངའ་རིས་སྟོད་དུ་ཕེབས། མངའ་བདག་དབང་ལྡེ་དང། ཁྲི་བཀྲ་ཤིས་དབང་ཕྱུག་བརྩན་བཙན་གྱིས་འགྱུར་གྱི་སྦྱིན་བདག་མཛད་ནས། ཚད་མ་རྒྱན་ལ་སོགས་པ་བསྟན་བཅོས་མང་པོ་བསྒྱུར། དེ་ནས་དབུས་སུ་ཕེབས། ཁུ་བོའི་གདན་ས་གསུང་ཕུ་ནེའུ་ཐོག་དང། ར་སྒྲེང་ལ་སོགས་པ་གནས་ཁྱད་པར་ཅན་མང་པོར་ཆོས་གསུངས། སློབ་མ་ཁྲི་ཕྲག་ལྷག་ཙམ་འདུས་པར་གྲགས་ཤིང། དབུས་གཙང། ལྷོ་བལ། མདོ་སྟོད་སྨད། ཤར་ཙོང་ཁ། རྒྱ་མི་ཉག་སོགས་སུ་གྲུབ་མཐའ་འཛིན་པའི་སློབ་མ་དང་ཉིང་སློབ་ཏུ་མ་གྱུར་པ་མེད་ཅིང། དབུས་གཙང་དུ་ལོ་བཅུ་