[A:༨༢བ] པའི་གདམས་ངག་ཀྱང་མ་ལུས་པར་གནང་སྟེ། ཉིན་རེ་ལ་ཆོས་ཐུན་གསུམ་གསུམ་གསུངས། ཐེག་པ་ཆེན་པོ་སྔགས་ཀྱི་སྒོར་ཡང་བཅུག་སྟེ། དབྱར་རེ་ལ་སྔགས་ཀྱི་གླེགས་བམ་དྲུག་བཅུ་ཙམ་ཐོན་པར་བྱས་ཏེ། ལོ་གསུམ་བཞུགས། བསྟན་རིམ་གྱི་མཚན་འདོགས་ལུགས་ཀྱང་ཡུང་བ་པའི་གསུང་བཞིན་དུ་འདུག་གསུང། དེ་ནས་མར་ལ་འབྱོན་ཁར། ཁྱོད་ཀྱི་སྒྲུབ་པའི་གནས་འདི་ལྟ་བུ་གཅིག་ཏུ་བསྒྲུབས་ཤིག འཕག་པ་སྤྱན་རས་གཟིགས་ཞལ་མཐོང་བར་འགྱུར་རོ་ཞེས་ལག་སོར་དགོན་པའི་ལུང་བསྟན་ཡང་མཛད། དེ་ནས་མར་ལ་སྐྱེལ་ཐུང་མཛད་དེ། འགྲོ་ཆོས་ཅིག་ཞུས་པས། གུང་ཐང་པའི་ཞལ་ནས། དལ་འབྱོར་རྟེན་གྱི་ཤེས་རབ་ཅན། ཚེ་འདི་ཇི་ལྟར་བྱས་ཀྱང་ཕྱིད། བླ་མེད་བྱང་ཆུབ་རྙེད་དཀའ་བས། འབད་པ་ཆེན་པོ་བྱ་འཚལ་ལོ། ཞེས་པ་ལ་བརྟེན་ནས་ཆོས་ཐུན་གཅིག་གསུངས། དེར་ཐེག་པ་ཆེན་པོ་མཐའ་དག་གི་ཆོས་མ་ལུས་པ་འདུས་པ་ཡིན་གསུང། དེ་ནས་མར་བྱོན་ཕོད་མདོ་བས་སྦ་ལེན་བཟང་དུ་བྱས་ཏེ། བསྟན་པ་ལ་ཕན་པའི་ཆོས་ཅིག་ཞུ་ཟེར་བས། མདོ་རྩ་དང། བསླབ་པ་ཀུན་ལས་བཏུས་པ་གཉིས་གསུངས། དེ་ནས་ཐམས་ཅད་ལིངས་ཀྱིས་བསྐྱུར་ནས་བླ་མས་ལུང་བསྟན་པའི་གནས་ལག་པོར་དགོན་པར་བཞུགས་ཏེ། ཉེ་གནས་དང་ཡང་མི་མཇལ་བར་གསོལ་བ་བུག་སྒོ་ལ་བླངས་ཏེ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། ལོོ་གསུམ་ན་ཐུགས་རྗེ་ཆེན་པོའི་ཞལ་མཐོང། ལུང་བསྟན་ཏེ། ཁྱོད་ཀྱིས་ཚེ་འདི་ཉིད་དུ་མཐོང་ལམ་ཐོབ་ནས། སློབ་མ་ཡང་སུམ་བཅུས་ཞལ་མཐོང་བར་འགྱུར་གསུང། དེ་ནས་ལོ་ཉི་ཤུ་རྩ་བཞི་སོང་བའི་དུས་རྣལ་ལམ་དུ་མཁྲོ་མ་མང་པོ་བྱུང་ནས། ཇོ་བོའི་རིང་སྲེལ་མ་སྦ་བར་སྟོན་ཟེར་ནས། རིང་སྲེལ་སྡེར་གང་གཏད་པ་ལྷོ་ཕྱོགས་སུ་གཏོར་བ་ཞིག་རྨིས། ཕྱིས་