[A:༨༤ན] འདི་ལ་རོལ། དྲུག་པ་དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ནི རྒྱལ་བས་གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པར། མདོ་རྒྱུད་ཀྱི་གསུང་རབ་མཐའ་ཡས་པ་ཞིག་བཀའ་བསྩལ་བ་དང། དེའི་དགོངས་པ་གསལ་བར་མཛད་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྟན་བཅོས་རྩོད་བྲལ་དུ་མ་ཞིག་མཛད་པ་དེ་ཐམསཅད་བཀའ་གདམས་རིན་པོ་ཆེའི་ཁུངས་སུ་གཏོགས་པའི་གཞུང་ཡིན་ལ། དེ་རྣམས་ཀྱི་ནང་ནས་བསླབ་སྤྱོད་གཉིས། ས་རྒྱན་གཉིས། སྐྱེས་ཚོམས་གཉིས་དང་དྲུག་ལ་བཀའ་གདམས་གཞུང་དྲུག་ཅེས་གསུང་བའི་དོན་ཡང། ཟབ་མོ་ལྟ་བའི་བརྒྱུད་ཀྱི་གཞུང་བསམ་གྱིས་མི་ཁྱབ་ཀྱང། དོན་བསླབ་སྤྱོད་གཉིས་སུ་འདུ་བ་དང། རྒྱ་ཆེན་སྤྱོད་པའི་བརྒྱུད་ཀྱི་གཞུང་བསམ་གྱིས་མི་ཁྱབ་ཀྱང། དོན་ས་རྒྱན་གཉིས་སུ་འདུ་བ་དང། སྐྱེས་རབས་ཀྱིས་བཅོམ་ལྡན་འདས་ཀྱི་སྔོན་གྱི་མཛད་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་དབྱེ་བ་དང་བཅས་པའི་དོན་ཉམས་སུ་ལེན་ཚུལ་གསུངས་པ་དང། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་མཛདཔ། བརྗོད་བྱ་སྣ་ཚོགས་པ་ཚོམས་སུ་བསྡུས་ནས་གསུངས་པས། ཆོས་སྤྱི་ལ་གལ་ཆེ་བར་དགོངས་ཏེ་གཞུང་དྲུག་ཏུ་མཛད་དོ། བཤེས་གཉེན་གོང་མ་རྣམས་འདུལ་སྤྱོད་གཉིས་ཤེསཞེས་། འདུལ་བས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། སྤྱོད་འཇུག་གིས་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་ལ་སློབ་པ། ཟབ་ལམ་རྡོ་རྗེ་ཐེག་པའི་རྟེན་དུ་ཡང་ངེས་པར་དགོས་པ་ལ་དགོངས་སོ། གཞན་ཡང་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པས་སྤྱོད་ཕྱོགས་བརྒྱ་རྩ་ཞེས་པ་ལ། ཐོག་མར་དཀོན་མཆོག་རྗེས་སུ་དྲན་པ་མཆོད་བརྗོད་ཀྱི་ཚུལ་གྱིས་བསྟོད་པའི་