[A:༨༧བ] ལོགས་སུ་ནན་གྱིས་བཏབ་པའི་བཀའ་རྒྱ་དང། རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་གཉིས། སྦྱོར་དངོས་གཉིས་ཀར་གལ་ཆེ་ལ། ལོ་བརྒྱུས་རྒྱུས་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ཞེས་པ་གླེགས་བམ་གྱི་ཆོས་འབྱུང་དང། རྙིང་སྙིང་གི་ཐིག་ལེའི་གསལ་བྱེད་ཟུང་འཇུག་ཉི་ཟླའི་ཐིག་ལེ་གཉིས། སྣར་ཐང་དུ་བཀོད་པ་སྟེ། དཔེ་ཚན་བཞི་པོ་འདི་གླེགས་བམ་དངོས་གཞི་ལ་མི་ཐེའོ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནོར་བུའི་ཕྲེང་བ་ནི། དངོས་གཞི་ཕ་ཆོས་བུ་ཆོས་གཉིས་ཀའི་རྩ་ཚིག་ཡིན་ལ། ཕ་ཆོས་ནི། བླ་མ་རྣམས་ལ་ཕྱག་འཚལ་ལོ། ཞེས་པ་ནས། མང་པོའི་ནང་དུ་ངག་ལ་བརྟག། གཅིག་པུར་འདུག་ན་སེམས་ལ་བརྟག། ཅེས་པའི་བར། ལེའུ་ཉི་ཤུ་རྩ་གསུམ་དུ་བསྡུས་ནས་གསུངས་པའི་སྟེང་དུ་བཀའ་རྒྱ་མ། མ་འོངས་ལུང་བསྟན། འཆི་མེད་རྡོ་རྗེའི་གླུའི་ལེའུ་དང་གསུམ་བསྣན་པས་ལེའུ་ཉི་ཤུ་རྩ་དྲུག་དང། བུ་ཆོས་ལ། ཐེ་ཚོམ་ཐམས་ཅད་སྤང་བྱ་ཞིང། ཞེས་པ་ལས་འཕྲོས་ཏེ། བྲམ་ཟེའི་ཁྱེའུ་གསལ་བའི་སྐྱེས་རབས་དང། དེ་ནས་རིམ་པ་བཞིན་རྩ་ཚིག་ལས་བརྩམས་ཏེ། རྔོག་གིས་ཞུས་པའི་སྐྱེས་རབས་ཉི་ཤུ་ལ། རྔོག་ཆོས་ཉི་ཤུ་དང། ཁུ་སྟོན་ཕེབས་ནས་ཞུས་པ་གཉིས་ལ། ཁུ་ཆོས་གཉིས་ཏེ། ཉི་ཤུ་རྩ་གཉིས་བུ་ཆོས་ཡིན་ལ། ཁ་བསྐོང་གི་ལེའུ་སྟེ་བཞི་བཅུ་ཞེ་དགུ་ནི། གླེགས་བམ་དངོས་གཞིའོ། རྒྱལ་བ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་པའི་གཏེར་ཞེས་པ། ཕྱིས་སྣར་ཐང་དུ་བྱས་པ་དོན་བསྡུ་ལྟ་བུར་སྣང་ལ། འདི་ཡང་དངོས་གཞི་ལ་མི་ཐེའོ། གཞན་ཡང་ལམ་རིམ་དང། གསུང་སྒྲོས་ཐོར་བུ་བ་དང། འཕྲིན་ཡིག་དང། མན་ངག་སྣ་ཚོགས་པའི་སྐོར་རོ། དང་པོ་ལམ་རིམ་ལ། སྤོ་ཏོ་བ་ནས་བརྒྱུད་པ། སྤྱན་སྔ་བ་ནས་བརྒྱུད་པ། གསང་ཕུ་