R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༨ན
[A:༨༨ན] བ་ནས་བརྒྱུད་པའོ། དང་པོ་ནི། དོལ་པའི་བེའུ་བུམ་སྔོན་པོ་དང། དེའི་འགྲེལ་པ་ལྷ་འབྲི་སྒང་པས་མཛད་པ། བེའུ་བུམ་ཁྲ་བོ་ཞེས་པ། གླང་རི་ཐང་པ་དཔོན་སློབ་དང། ཤ་བོ་སྒང་པ་རྣམས་ཀྱི་གསུང་སྒྲོས་ཕྱོགས་གཅིག་ཏུ་བསྒྲིགས་པ། དགེ་བཤེས་གྲབ་པས་མཛད་པའི་དཔེ་ཆོས་དང། བྲག་དཀར་བས་དེ་ཉིད་རྒྱས་སུ་བཏང་བ་གཉིས་ལ་བརྟེན་ནས། ལྕེ་སྒོམ་གྱིས་དཔེ་ཆོས་རིན་ཆེན་སྤུངས་པ་རྩ་འགྲེལ་མཛད་པ་གྲགས་ཆེ་བ་འདིའི་ཞབས་སུ་སྤྲོས་བསྡུས་བྱས་ཞེས་པ་གྲབ་པས་མཛད་པ་ལས་ཅུང་ཟད་སྤྲོས། བྲག་དཀར་བས་མཛད་པའི་རྒྱས་པ་ལས། བསྡུས་ཤེས་པའི་དོན་ནོ། གཞན་ཡང་ཤར་བ་པས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས། བྱ་མཆད་ཀྱི་གསུང་སྒྲོས་ཐོར་བུ་པ་རྣམས་དང། དེ་ལས་བརྒྱུད་པ་བློ་སྦྱོང་གི་ཡིག་ཆ་ཆེ་ཆུང་དང། སེ་སྤྱིལ་བའི་ལམ་སྒྲོན་ས་བཅད། ཊིཀྐ། སྦས་པ་སྟོན་གཞོན་གྱི་ལམ་རིམ་དང། ལམ་སྒྲོན་ཊིཀྐ་སོགས་ཐོར་བུ་བ་འགའ་དང། རྣལ་འབྱོར་བྱང་སེང་གི་བསྟན་རིམ་ལེགས་པ་ཞིག་ཀྱང་སྣང་ངོ། སྣར་ཐང་པའི་ཡིག་ཆ་ཡོད་ཚུལ་གོང་དུ་ཅུང་ཟད་རེ་སྨོས་ལ། ཁ་རག་སྐོར་གསུམ་གྱི་ནང་དུ་དཔལ་ལྡན་དགོན་པ་བའི་གསུང་སྒྲོས་བསྒྲིགས་པའི་ལམ་རིམ་དང། གཞན་ཡང་གཞུང་པ་ནས་བརྒྱུད་པའི་གསུང་སྒྲོས་མཛད་བྱང་མེད་པ་མང་དུ་སྣང་ངོ། གཉིས་པ་བཤེས་གཉེན་སྤྱན་སྔ་བ་ནས་བརྒྱུད་པ་ལ། དགེ་བཤེས་སྟོན་པའི་གསུང། སྤྱན་སྔ་བ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ་རྣམས་སྙན་ནས་སྙན་དུ་བརྒྱུད་པ། རིན་པོ་ཆེ་གླང་ལུང་པས་བསྒྲིགས་པའི་ལམ་རིམ་དང། ཡང་རྣལ་འབྱོར་པ་ནས། སྟོད་ལུངས་པ་ཆེན་པོ། དགེ་བཤེས་ལྷ་བཟོ། ཉ་ག་མོ་པ། གླང་ལུང་པ་ཆེན་པོ། གླང་ལུང་པ་ནས། ད་ལྟའི་བར་དུ་རིམ་པར་བརྒྱུད་པའི་