R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༨༨བ
[A:༨༨བ] བསྟན་རིམ་ཆེན་མོ་ལ། རིན་པོ་ཆེ་ན་རིམ་གྱི་ཟིན་བྲིས་མཛད་བྱང་ཡོད་མེད་མང་དུ་སྣང་བ། འབེ་སངས་རྒྱས་སྒོམ་པས་མཛད་པའི་ཟིན་བྲིས་དང། རིན་པོ་ཆེ་གསེར་ཁང་པའི་ཟིན་བྲིས་དང། རིན་པོ་ཆེ་ཚུལ་ཁྲིམས་དར་གྱི་ཞལ་སྔ་ནས་མཛད་པའི་བསྟན་རིམ་ཆེན་མོ་ཉིད་མཆོག་ཡིན་ནོ། ལམ་བསྟན་རིམ་གྱི་ཁྱད་པར། བསྟན་རིམ་དུ་གསུངས་པ་ནི། ཚོགས་སུ་འཆད་ན་བསྟན་པའི་རིམ་པ། ཉམས་ལེན་དུ་དྲིལ་བ་ལམ་གྱི་རིམ་པ། གཞུང་དུ་བཀོད་པ་བྱང་ཆུབ་ལམ་གྱི་སྒྲོན་མ་སྟེ་དོན་གཅིག་ལ་མིང་གསུམ་བཏགས་པ་དང་འདྲ་གསུང་བ་དང། ཐར་པ་དོན་གཉེར་གྱི་གང་ཟག་སངས་རྒྱས་ཀྱི་སར་འགྲོ་བ་ལ་བསྟན་པའི་ཆོས་ཐམས་ཅད་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པས། ལམ་བསྟན་པའི་རིམ་པ་ཞེས་གསུངས་པ་ལྟར་ན། ཁྱད་པར་ཆེར་མེད་ཀྱང་ཅུང་ཟད་འབྱེད་ན། ཆོས་ཁུངས་བཙུན་པར་རྟོགས་པའི་ཕྱིར་ཐོག་མར་ལོ་བརྒྱུས་རྒྱུས་དང། དེ་ལས་བརྒྱུད་པ་རྗོད་བྱེད་སྡེ་སྣོད་གསུམ་དང། བརྗོད་བྱ་བསླབ་པ་གསུམ། གང་ཟག་གཅིག་གི་ལམ་དུ་ལུང་རྣམ་དག་དང་སྦྱར་ཏེ་འགལ་མེད་དུ་སྟོན་པ་བསྟན་པའི་རིམ་པ་དང། དེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པར་དྲིལ་ནས་སྟོན་པ། ལམ་རིམ་ཞེས་གསུངས་པ་ཡིན་ནོ། ཡང་སྟོད་ལུངས་པ་ནས་བརྒྱུད་པའི་བདེན་གཉིས་དང། བདེན་བཞིའི་ཆོས་སྐོར་དང། ཆོས་ཐུན་རེར་ཉམས་ལེན་དོན་ཚན་བཞི་བཞིར་བསྡུས་པ། བཞི་ཚན་ཆོས་ཐུན་བཅུ་དགུ། ཇ་ཆོས་ཆོས་ཐུན་ལྔ་བཅུ་དང། ཇོ་བོས་མང་ཡུལ་ཅོག་ག་རི་ལ་ལྗོངས་རྒྱུ་བའི་དུས་གསུངས་པ། རི་ཆོས་སུ་གྲགས་པ་དང། ལམ་སྒྲོན་ལ་གོང་དུ་སྨོས་པའི་ཊཱིཀྐ་དང། མཚམས་ནམ་མཁའ་གྲགས་དང། ཆུ་མིག་པ་གཉིས་ཀྱི་ཊཱིཀྐ་། གཞན་ཡང་གསུང་སྒྲོས་བཀོད་པའི་ཊཱིཀྐ་མཛད་བྱང་མེད་པ་མང་དུ་སྣང་