R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩བ
[A:༩བ] རིགས་པའི་སྒོ་ནས་སྟོན་པ་ཐེག་ཆེན་བློ་སྦྱོང་སོགས་དང། གཞན་ཡང་བཤེས་པའི་སྤྲིང་ཡིག་དང། ཤེས་རབ་བརྒྱ་པ་སོགས་མང་དུ་མཛད་དོ། ཉམས་སུ་ལེན་པ་མན་ངག་གི་གཞུང་ལ། དཔལ་གསང་བ་འདུས་པའི་བསྒྲུབ་ཐབས་མདོར་བྱས་ལ་སོགས་པ་སྐྱེད་རྫོགས་ཀྱི་གཞུང་མང་དུ་མཛད་ཅིང། གཞན་ཡང་རིག་གནས་ཐམས་ཅད་པ་ལ་བསྟན་བཅོས་རེ་ཡང་མཛད། ལོ་དྲུག་བརྒྱ་བཞུགས་ནས་བསྟན་པ་ཆེས་ཆེར་གསལ་བར་མཛད་དོ། ལང་ཀར་གཤེགས་པ་ལས། རབ་ཏུ་དགའ་བའི་ས་བརྙེས་པར་གསུངས། རྔ་བོ་ཆེའི་མདོ་ལས། ས་བདུན་པ་བར་བཤད་ཅིང་། སྒྲོན་གསལ་ལས། སྔགས་ཀྱི་ལམ་ལ་བརྟེན་ནས་སྐུ་ཚེ་དེ་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པར་བཤད་པ་རྣམས་དོན་ལ་མི་འགལ་ཏེ། རྡོ་རྗེ་འཆང་བརྙེས་པ་ནི་ལོང་སྐུའི་དབང་དུ་མཛད་ལ། སྐུ་ལུས་ཀྱི་བཀོད་པ་དུ་མ་བསྟན་ཏེ། དང་པོ་བདེ་བ་ཅན་དུ་བྱོན་པ་དང། དང་པོ་བྱམས་པའི་དྲུང་དུ་མདོ་སྡེའི་དོན་ཤིན་དུ་ཕྲ་བ་རྣམས་དྲི་བར་མཛད་པ་དང། མ་འོངས་པ་ན་ཡེ་ཤེས་འབྱུང་གནས་འོད་ཅེས་པར་འཚང་རྒྱ་བར་གསུངས་པ་རྣམས་ནི་སྤྲུལ་པའི་སྐུའི་མཛད་པའི་དབང་དུ་གསུངས་སོ། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ལ་སློབ་མའི་མཆོག་ཨརྱ་དེ་ཝ་ཞེས་གྲགས་པ། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་དེ་ཉིད། སྔོན་སྟོན་པའི་སྤྱན་སྔར་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་པས་མུ་སྟེགས་འབུལ་བར་སྨོན་ལམ་བཏབ་ཅིང། སྟོན་པས་
ཀྱང་
རྗེས་སུ་གནང་བ་དེ་ཉིད། སིང་གྷ་ལའི་རྒྱལ་པོའི་མེ་ཏོག་གི་ལྡུམ་རར་པདྨོའི་སྦུབས་ལས་འཁྲུངས་པས། རྒྱལ་པོའི་སྲས་སུ་གཟུང་བ་ཀླུ་སྒྲུབ་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ། རིག་གནས་མཐའ་དག་ལ་མཁས་པར་གྱུར་པ་དེས། མ་གོལ་ཞེས་པ་ལྷ་དབང་ཕྱུག་གིས་